དགུ་པའི་ཚེས་དགུར་དྲོ་སྐྱིད་སྦྱིན། བྱང་ཐང་ལུང་པར་བརྩེ་བས་ཕྱུག
—— ནག་ཆུ་གྲོང་ཁྱེར་གྱི“ང་ཚོའི་དུས་ཆེན། དགུ་པའི་ཚེས་དགུ”ཞེས་པའི་ཤེས་དཔལ་ལག་ལེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཟུར་བྲིས།
དགུ་པའི་ཚེས་དགུའི་དུས་ཆེན་འཆར་ཉེའི་མཚམས་སུ། ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུས་གསེར་རྙེད་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ“ང་ཚོའི་དུས་ཆེན། དགུ་པའི་ཚེས་དགུ”ཞེས་པའི་ཤེས་དཔལ་ལག་ལེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། མཉམ་སྡེབ་སྐྱེས་སྐར། བདེ་ཐང་འོས་འགན་སྨན་བཅོས། སྤྱི་ཕན་གློག་བརྙན་ལྟ་བ་བཅས་རིམ་པ་བཞིན་སྤེལ་བ་དང་། རྒན་རྒོན་168དགའ་སྤྲོའི་མཉམ་འཛོམས་བྱས་ཤིང་། ལོ་80ཡན་གྱི་རྒན་རྒོན་17མཉམ་དུ་སྐྱེས་སྐར་བཏང་བ་རེད།
མཉམ་སྡེབ་སྐྱེས་སྐར་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་བརྩེ་བས་ཕྱུག་ཅིང་། སྐྱེས་སྐར་གྱི་གླུ་གཞས་བཏང་རྗེས་ལས་དོན་པས་སྐྱེས་སྐར་གཏོང་མཁན་བགྲེས་སོང་17རེ་རེ་བཞིན་ལ་ཁ་བཏགས་གཡོགས་པ་མ་ཟད། ཀམ་པ་ལི་དང་འཚམས་འདྲིའི་དངུལ་སྤྲད་པ་དང་། བང་རིམ་དྲུག་ལྡན་གྱི་སྐྱེས་སྐར་ཀེག་དལ་བུར་བཏོན་ནས་གཏུབས་ཏེ་རྒན་རྒོན་ཚོའི་ལག་ཏུ་སྤྲད། “དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན། སྔོན་ཆད་འཚོ་བ་སྐྱིད་པོ་འདི་འདྲ་ག་ལ་ཡོད། ད་ཆ་ལོ་ལྟར་དེ་དག་ལོངས་སུ་སྤྱོད་རྒྱུ་ཡོད་པས་སེམས་ཁྲལ་གང་ཡང་མེད་ལ། སེམས་ནང་དྲོ་སྐྱིད་ཀྱང་ཆེན་པོ་ཚོར་གྱི་འདུག དངོས་གནས་འཚོ་བར་རེ་བས་ཁེངས་འདུག”ཅེས་ལོ་83ལ་སླེབས་པའི་རྨོ་བོ་ཆོས་མོ་ལགས་ཀྱིས་གམ་གྱི་གཅེན་གཅུང་གི་ལག་ནས་བཟུང་སྟེ་གད་མོ་དགོད་བཞིན་དུ་བཤད།
འདི་ལྟ་བུའི་དྲོ་སྐྱིད་ནི་དུས་ཆེན་ཙམ་མ་ཟད་དུས་རྒྱུན་ནས་ཚོར་ཐུབ་ཅིང་། ལྟ་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་བསོད་ནམས་ཕུན་ཚོགས་ཀྱིས། ལྟེ་གནས་ཀྱི་ཞབས་ཞུར་ཐེམ་ཁུངས་དང་མི་རིགས་ཀྱི་དབྱེ་བ་མེད་པར་ས་མཐོའི་མཐོ་གྲང་གི་གནམ་གཤིས་ཁྱད་ཆོས་ལ་གཞིགས་ནས་ཞབས་ཞུའི་ལོ་ཚད་ལོ་55བར་ལྷུག་ཏུ་བཏང་ཡོད། རྒན་རྒོན་རེས་ཉིན་རེར་སྒོར་20སྤྲད་ན་ལྟོ་དུས་གཉིས་ཟ་ཆོག་པ་མ་ཟད། ད་དུང་དྲག་སྐྱེད་ལུས་གསོ་དང་། རིག་རྩལ་བྱེད་སྒོ རིན་མེད་གཟུགས་པོ་བཀྲུ་བ་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཆོག མིག་སྔར་ལྟེ་གནས་སུ་ཐོ་འགོད་བྱས་པའི་རྒན་རྒོན་1705ཟིན་ཡོད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།