ས་མཐོའི་གང་སར་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་པ།
—— ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྒན་བཀུར་རྒན་གཅེས་ཀྱི་བྱེད་སྒོ་སྤེལ་བ།
ཟླ་10པར་བོད་ཤར་ཁུལ་དུ་གནམ་གཤིས་ཇེ་གྲང་དུ་ཕྱིན་མོད། འོན་ཀྱང་ཆབ་མདོ་གྲོང་ཁྱེར་གྱི་སྡེ་ཁུལ་དང་། གྲོང་ཚོ། “རྒན་གསོ་ཁང”བཅས་སུ་དྲོ་སྐྱིད་ཀྱི་རྣམ་པས་ཁེངས། ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་གྱིས“རྒན་བཀུར་ཟླ་བ”གོ་སྐབས་སུ་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་རྒན་རྒོན་ཚོར་བརྒྱུད་སྤྲོད་གང་ལེགས་བྱས་པ་རེད།
བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་སྤྱི་ཚོགས་ཕན་བདེ་ཁང་གི་རྒན་རྒོན་35ལ“དགུ་པའི་ཚེས་དགུའི་ལག་རྟགས”ཏེ་སྲིང་བལ་གྱི་གྱོན་གོས་གསར་པ་དང་འོ་མ་སོགས་འབྱོར་ཡོད། དེ་ནི་ཆབ་མདོ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུས་ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་དང་མཉམ་དུ་སྤེལ་བའི“དགུ་པའི་ཚེས་དགུར་དྲོ་སྐྱིད་སྦྱིན། ཚེ་མཇུག་བདེ་སྐྱིད་དཔལ་ལ་རོལ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཡིན་ཞིང་། ཏང་ཡོན་ལས་བྱེད་པ་དང་། གསར་དར་ཁྱབ་ཁོངས་ཀྱི་དང་བླངས་པ། སྤྱི་ཚོགས་ལས་དོན་པ་བཅས་ཀྱིས་དངོས་ཟོག་སྐྱེལ་བ་ཕུད། ད་དུང་ཁོར་ཡུག་གཙང་སྦྲ་དང་། སྲིད་ཇུས་སྒྲོག་འགྲེལ། ས་མཐོའི་རྒན་རྒོན་ལ་བདེ་ཐང་དང་བདེ་འཇགས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བཅས་ཀྱི་ལས་དོན་སྤེལ་བ་རེད།
དེ་དང་འདྲ་བའི་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་མཛོ་སྒང་རྫོང་གི་ས་ཆ་གང་སར་སྤེལ་ཞིང་། མཛོ་སྒང་རྫོང་ཨུད་སྤྱི་ཚོགས་ལས་དོན་པུས་དང་བླངས་ཞབས་ཞུའི་མཐུན་ཚོགས་དང་མཉམ་དུ་མཛོ་སྒང་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་རྒན་རྒོན་77ལ་རིན་མེད་ངང་སྐྲ་བཞར་བ་དང་། འཚོ་བའི་དངོས་ཟོག་སྤྲད་པ་དང་། མཛོ་སྒང་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོར་བསྐྱོད་དེ་སྐྱེ་སྐར་གཏོང་མཁན་རྒན་རྒོན་དང་ཁ་ཐོར་དུ་གནས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཚམས་འདྲི་ཞུས་པ། ཀྲུང་གོ་ཞིང་ལས་དངུལ་ཁང་མཛོ་སྒང་རྫོང་ཉིང་ལག་དངུལ་ཁང་གི་ལས་དོན་པས་རྒན་རྒོན་ལ་ལག་ཐོགས་ཁ་པར་གྱི་དངུལ་ཁང་སྤྱོད་སྟངས་བསླབས་པ་དང་གྱོད་དཔེ་དངོས་ལ་བརྟེན་ནས་དངུལ་རྩའི་ཤེས་བྱ་ཁྱབ་གདལ་བཏང་སྟེ་རྒན་རྒོན་གྱི“དངུལ་ཁུག”བསྲུངས་པ་རེད།
དེ་ལྟ་བུའི་སྲུང་སྐྱོང་ད་དུང་ཁྲིམས་སྐྱོང་གི་རིམ་ངོས་སུ་སྣུར་སྲིང་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒན་གསོ་འགན་བཅོལ་ཐོ་འགོད་དང་། ཐོབ་ཐང་སྤྲོད་པ། ལོ་ཚད་ལས་བརྒལ་བའི་ལས་མིའི་གླ་ཆ་འགན་ལེན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྒན་རྒོན་གྱི་དམངས་འཚོའི་ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་རེད།
དགུ་པའི་ཚེས་དགུའི་དུས་ཆེན་རིང་། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་གྱིས་དངོས་སྒྲུབ་ལ་བརྟེན་ནས་རྒན་རྒོན་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་ཐུབ་པ་དང་། སྔར་བས་འགན་ལེན་ཡོད་པ། སྔར་བས་རྒྱུན་མཐུད་ཆོག་པ་བཅས་ཡོང་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།