དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྤང་རི་གྲོང་ཚོའི་ནས་ཀྱི་ཐོན་འབབ་ལེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-20

    ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀར་ནམ་རྦད་དེ་ལངས་མེད་ནའང་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་སོག་ཤང་སྤང་རི་གྲོང་ཚོའི་ཚེ་རིང་དབང་རྒྱལ་ཁྱིམ་གྱི་སྒོ་རའི་ནང་ལས་བྲེལ་ཤིན་ཏུ་ཆེ་ཞིང་། ནང་མི་ཚོས་གཡུལ་ལས་གཏོང་བྱེད་ཀྱི་ལག་ཆ་སྣ་ཚོགས་བྲེལ་བརྩོན་ཆེན་པོས་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཕན་ཚུན་དབར་སྐད་ཆ་ཤོད་པའི་སྒྲ་དང་འཕྲུལ་འཁོར་གྱི་ལྡིར་སྒྲས་གྲོང་ཚོའི་ཁུ་སིམ་རིམ་གྱིས་དཀྲོགས།

    ཚེ་རིང་དབང་རྒྱལ་ཁྱིམ་ལ་ཞིང་ཁ་མུའུ་40ཡོད་ཅིང་། དེ་རིང་ནི་གཡུལ་ལས་བཏང་སྟེ་འབྲུ་རིགས་མཛོད་དུ་འཇུག་པའི་ཉིན་མོ་རེད། ལོ་39སླེབས་པའི་ཚེ་རིང་དབང་རྒྱལ་གྱིས་རླངས་འཁོར་གཏོང་རྩིས་བྱེད་པ་དང་། བཟའ་ཟླ་པ་ཕན་གྱིས་འཁོར་སྒྲོམ་ནང་ཞིང་ལས་ཡོ་བྱད་བླུགས་པ། ཕ་མིག་དམར་གྱིས་ཐག་པ་དཔུང་པར་འཁྱེར་བ། ཚ་བོ་དབང་ཆེན་ཚེ་རིང་གིས་ཨོ་བཞི་དགའ་ཕྲག་ཏུ་བརྒྱབ་སྟེ་ནང་མི་རྣམས་ནམ་མ་ལངས་གོང་ནས་ཞིང་ཁའི་ཕྱོགས་སུ་བསྐྱོད།

    ཉིན་དགུང་ཆུ་ཚོད་12ཙམ་ལ་ཚར་མ་མཇུག་ཤོས་དེ་རླངས་འཁོར་ནང་བླུགས་ཟིན་པ་དང་ཚེ་རིང་དབང་རྒྱལ་གྱིས་རླངས་འཁོར་བཏང་སྟེ་གཡུལ་ཁར་དབོར་ནས་གཡུལ་ལས་གཏོང་བའི་གྲབས་བྱས།

    ཐོ་ཕྲུག་གིས་གཡུལ་ཁ་གཅོག་པ་དང་། དེའི་རིང་ཚར་མ་ཨ་སློག་ཐེངས་འགའ་བརྒྱབ་རྗེས་མཐར་འབྲུ་དང་གཟན་པ་རྣམས་གཞོགས་གཅིག་ཏུ་སྤུངས།

    ནང་མི་རྣམས་ངལ་གསོའང་རྒྱག་ཁོམ་མེད་པར་དེ་མ་ཉིད་དུ་འབྲུ་འདོན་འགོ་ཚུགས། ཚེ་རིང་དབང་རྒྱལ་གྱིས་འཕྲུལ་འཁོར་གྱི་མདུན་དུ་ལངས་ཏེ་ནས་རྣམས་འབྲུ་འདོན་འཕྲུལ་ཆས་ནང་བླུགས། ཚ་བོ་དབང་ཆེན་ཚེ་རིང་གིས་འགྱིག་ཕད་ནང་འབྲུ་རྡོག་རྣམས་གཟེད། བཟའ་ཟླ་པ་ཕན་གྱིས་འབྲུ་གཙང་མ་དོན་མེད་པའི་སྙེ་རྡོག་རྣམས་སླར་ཡང་འཕྲུལ་ཆས་འགྲམ་དུ་བསྐྱལ། གཅུང་པོ་ཚེ་རིང་ནོར་བུས་གཟན་པ་གཟན་ཁང་དུ་བཅུག་ཅིང་ཁོང་ལས་ཀ་འཇོན་པོ་ཡོད་པས་མི་གཅིག་གིས་གཉིས་ཀྱི་གོ་ཆོད་ཀྱི་ཡོད།

    འབྲུ་རྡོག་མ་ལུས་ཐོ་ཕྲུག་ནང་བླུགས་ཚར་རྗེས་ཁོང་ཚོ་གཞི་ནས་ཉིན་དགུང་ཁ་ལག་ཟ་འགོ་བཙུགས། “འབྲུ་མང་ཉུང་ལ་བལྟས་ན་ད་ལོ་ཡང་ཐོན་འབབ་ཡག་པོ་འདུག”ཅེས་ཚེ་རིང་དབང་རྒྱལ་གྱིས་བཤད་མ་ཐག་བཟའ་ཟླ་པ་ཕན་གྱིས་འཛུམ་དམུལ་དམུལ་ངང“དེ་ནི་སོན་བཟང་ཁྱབ་གདལ་བཏང་བའི་བཀའ་དྲིན་རེད། ང་ཚོས‘བོད་ནས་ཨང་2000’བཏབ་རྗེས་མུའུ་རེའི་ཐོན་འབབ་རྒྱ་མ་700ཟིན་པས་ཐོན་འབབ་མང་དུ་ཤུགས་ཆེན་ཕྱིན་སོང”ཞེས་བཤད།

    ལོ་70ལ་ཉེ་བའི་བགྲེས་སོང་མིག་དམར་ལ་ཚོར་སྣང་ཟབ་མོ་བྱུང་ཡོད་ཅིང་། འཕྲུལ་འཁོར་སྣ་ཚོགས་ལ་གཟིགས་བཞིན་དུ་ཁོང་གིས“སྔོན་མ་ཡིན་ན་ཞིང་ལས་བྱེད་སྐབས་མི་དང་སྒོ་ཕྱུགས་མ་གཏོགས་མེད། ད་ཆ་འཕྲུལ་ཆས་ཡོད་པས་གཟའ་འཁོར་འགའ་ཤས་འགོར་བའི་ལས་ཀ་རྣམས་ཉིན་གཅིག་གཉིས་ནང་ཚར་གྱི་འདུག”ཅེས་གསུངས།

    ཚེ་རིང་དབང་རྒྱལ་གྱིས“པ་ལགས་དུས་སང་ཡང་མུ་མཐུད‘བོད་ནས་ཨང་2000’བཏབ་ན”ཞེས་འདྲི་སྐབས།

    “རེད། རྒྱལ་ཁབ་ཀྱིས་སོན་བཟང་ཁྱབ་གདལ་ཁ་གསབ་སྤྲད་པའི་སྒང་ལ་ཞིང་ལས་ལག་རྩལ་ས་ཚིགས་ཀྱི་རྒན་ལགས་ཚོས་ལག་རྩལ་སློབ་ཀྱི་ཡོད་པས་མ་བཏབ་ན་ཕངས་ཡས་རེད”ཅེས་བགྲེས་སོང་མིག་དམར་གྱིས་བུའི་དཔུང་པར་རེག་ཙམ་བྱས་ཏེ“ཞིང་ཁ་ནི་ཞིང་པའི་རྩ་བ་རེད། ང་ཚོས་ཞིང་ཁ་འདེབས་དགོས་པ་མ་ཟད། བདེ་སྐྱིད་ལྡན་པའི་འཚོ་བ་དེ་བས་ཀྱང་སྐྱེལ་ཐུབ་པ་བྱེད་དགོས”ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།