བོད་ནུབ་ས་མཐོའི་སྣ་མང་རིག་གནས་ཀྱི་ཉམས་འགྱུར།
—— སྒར་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལས་དོན་སྐོར་བཀོད་པ།
བརྗིད་ཆགས་ཉམས་ལྡན་གྱི་གངས་ཏི་སིའི་རི་བརྒྱུད་ཀྱི་འདབས་རོལ་དུ་སྒར་གཙང་པོ་ཤང་ཤང་དུ་རྒྱུག་ཅིང་། ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་འོད་སྟོང་འཕྲོ་བ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཀྱི་མངའ་རིས་ས་ཁུལ་སྒར་རྫོང་དུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་བསྟར་བཞིན་མཆིས།
“མངོན་མིན་རིག་གནས་ཤུལ་བཞག”ཉར་ཚགས་ཐུབ་པ།
སྒར་རྫོང་དགུན་ས་ཤང་སོག་སྨད་གྲོང་ཚོས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། “སྒར་སོག་སྨད་ཤོན”སྲུང་བཞིན་ཡོད། ཞང་ཞུང་དུས་སྐབས་སུ་དར་ཁྱབ་བྱུང་བའི་སོག་སྨད་ཤོན་དེ་སྐུ་མགྲོན་བསུ་བ་དང་མཛད་སྒོ་ཆེ་གྲས་ཐོག་འཁྲབ་སྟོན་བྱེད་པའི་མཛད་སྒོའི་གླུ་གར་ཞིག་ཡིན་ཞིང་། སྟངས་སྟབས་ཉམས་འགྱུར་ལྡན་པ་དང་། རྒྱན་ཆ་བབ་ཆགས་པ། འཁྲབ་སྟོན་གོ་རིམ་ལྡན་པ་བཅས་ཡོད། དེ་ནི་བོད་རྙིང་པའི་མངའ་རིས་ས་གནས་སྲིད་འཛིན་མ་ལག་འོག་གི“དཔོན་ཚང་གི་གུས་ལུགས་ཞབས་བྲོ”ཞིག་ཡིན་པ་དང་། དེའི་ནང་ཆིང་རྒྱལ་རབས་ཚུན་དུ་ཀྲུང་དབྱང་གི་བོད་སྐྱོང་མ་ལག་འོག་མངའ་རིས་ས་གནས་སྲིད་འཛིན་འཁོར་སྐྱོད་ཀྱི་རིག་གནས་ཀྱི་ཟུར་ཙམ་བཀོད་ཡོད་ལ། མཐའ་མཚམས་དཔོན་ཚང་གི་གུས་ལུགས་རིག་གནས་ཀྱི་ཉམས་འགྱུར་ཡང་ལྡན་ཡོད།
1937ལོར་སྐྱེས་པའི་ཚེ་རིང་སྒྲོལ་མ་ནི་ད་ཆ་འཚོ་བཞུགས་གནང་བའི་སྒར་ཤོན་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་འབའ་ཞིག་ཡིན་པ་དང་། ཁོང་ལོ་15ལ་སླེབས་སྐབས་གར་སྟེགས་ཐོག་འཁྲབ་སྟོན་བྱས་ནས་འཁྲབ་སྟངས་ཚང་མ་ཁོང་དུ་ཆུད་ཡོད།
སྒར་རྫོང་གིས“མངོན་མིན་རིག་གནས་ཤུལ་བཞག”དེ་དག་སྒྲིག་གཤོམ་ཁང་དུ་མ་བཞག་པར་རྫོང་སྒྱུ་རྩལ་ཚོགས་པ་དང་ཤང་དང་གྲོང་རྡལ་གྱི་གྲོང་ཚོ་རིམ་པའི་རིག་རྩལ་རུ་ཁག་ལ་བརྟེན་ནས། སོག་སྨད་ཤོན་དམངས་ཁྲོད་འཁྲབ་སྟོན་རུ་ཁག་བཙུགས་ཏེ་དུས་བཀག་ལྟར་མཉམ་འཛོམས་སྦྱོང་བརྡར་བྱེད་ཀྱི་ཡོད་པ་དང་། ཚེ་རིང་སྒྲོལ་མས་ས་ཡུལ་དངོས་སུ་དམར་ཁྲིད་བྱེད་ཀྱི་ཡོད། སྲི་ཐར་ཚེ་རིང་གིས་དགེ་ཕྲུག་བསྡུ་རྒྱུར་སྐུལ་ལྕག་བྱས་ཏེ་ས་གནས་དེ་གའི་ཞིང་འབྲོག་པའི་གཞོན་ནུ་ཚོར་དྲས་གཏུབ་དང་། འཚེམ་དྲུབ། རྒྱན་ཆ་བཟོ་བ་བཅས་ཀྱི་ལག་རྩལ་ཆ་ཚང་བར་བསླབས། མངའ་རིས་ས་ཁུལ་གྱི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་མཚན་ཚོགས་ཐོག་གྲོང་ཚོའི་རིག་རྩལ་རུ་ཁག་གིས་སོག་སྨད་ཤོན་འཁྲབ་སྟོན་བྱས་པ་རེད། སྒར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་དང་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སོགས་ས་གནས་དེ་གའི་དུས་ཆེན་གལ་ཆེན་ཐོག་སོག་སྨད་ཤོན་འཁྲབ་སྟོན་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།
མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་སྲུང་སྐྱོང་བྱེད་པ་དང་། ཁྲིད་སྦྱོང་མ་ལག་འཛུགས་པ། རྒྱུན་འཛིན་པ་དཀོན་པའི་དཀའ་གནད་སེལ་བ། སྣ་མང་འཁྲབ་སྟོན་ལས་སྟེགས་རྒྱ་ཆེར་གཏོང་བ། དྲིལ་བསྒྲགས་ཁྱབ་སྤེལ་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་པས། སོག་སྨད་གྲོང་ཚོའི་རང་སྐྱོང་ལྗོངས་རིམ་པའི“མངོན་མིན་རིག་གནས་ཤུལ་བཞག”གཉིས་མཉམ་དུ་རྒྱུན་འཛིན་ཐུབ་ཡོད།
གཞི་རྟེན་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ།
རྒན་རབས་པའི་ལག་རྩལ་སོར་འཇོག་བྱས་པ་དང་ས་གནས་དེ་གའི་རིག་གནས་ལ་དགའ་ཞེན་ཆེ་བའི་གཞོན་ནུ་ཚོ་ཡང་རྒྱུན་འཛིན་གསར་གཏོད་ཀྱི་དཔུང་ཁག་ནང་ཞུགས་ཤིང་། བོད་ལྗོངས་རྒོད་པོའི་བརྩེ་སེམས་རིག་གནས་འཕེལ་རྒྱས་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་མིག་དམར་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་བ་ཞིག་རེད།
ཀུང་སིའི་ཟ་ཁང་ཞིག་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་རིག་གནས་ལམ་དུ་ཡོད་པ་དང་། ཐོག་མར་ཡོང་མཁན་ཚོར་སྒྱུ་རྩལ་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་ཟ་ཁང་དེར་ཧང་སངས་བའི་ཚོར་སྣང་ཡོང་གི་ཡོད་པ་མ་ཟད། ད་དུང་རྗེས་སུ་ཡོང་འདོད་ཀྱང་བྱེད་ཀྱི་ཡོད། ཟ་ཁང་ནང་མིག་དམར་གྱིས་དགའ་ཤོས་བྱེད་པའི་སྒྲ་སྙན་དང་ཁོང་གི་ཀུང་སིས་འཆར་འགོད་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཚོགས་བསྒྲིགས་ཡོད་པ་རེད། 2024ལོའི་བོད་ལྗོངས་མངའ་རིས་ཀྱི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་པོ་སྐབས་དང་པོར། ཀུང་སི་དེའི་ཐོན་རྫས་བྲག་བརྐོས་རི་མོའི་བསྔས་འབོལ་ལ་ཟངས་ཀྱི་རྟགས་མ་ཐོབ་པ་དང་ཐོན་རྫས་མང་པོ་འགྲན་བསྡུར་ནང་ཚུད་ཡོད་པ་རེད། མིག་དམར་གྱིས“སྐུ་མགྲོན་ཚོ་ང་ཚོའི་ཟ་ཁང་དུ་སླེབས་རྗེས། བོད་ཟས་ཀྱི་བྲོ་བ་མྱོང་ཐུབ་པ་དང་ང་ཚོའི་མངའ་རིས་ཀྱི་སྒྱུ་རྩལ་མྱོང་རོལ་ཐུབ་པ་མ་ཟད། ཉམས་འགྱུར་གྱིས་ཕྱུག་པའི་མངའ་རིས་ཀྱི་རིག་གནས་བསམ་བཀོད་དྲན་རྟེན་དངོས་པོའང་ལེན་ཐུབ”ཅེས་བརྗོད་པ་དང་། དེ་ནི་ཁོང་གིས་ཟ་ཁང་དེ་གཉེར་བའི་ཐོག་མའི་བསམ་འདུན་ཡིན་པ་རེད།
མིག་དམར་གྱིས། 2024ལོར་སྲིད་གཞུང་གིས་ཀུང་སིའི་གནས་ཐང་འཕར་ཁྲལ་སྒོར་ཁྲི་4ཙམ་ཆག་ཡང་བཏང་བས། མ་དངུལ་ཡོད་དོ་ཅོག་ལག་ཤེས་ཐོན་རྫས་ཀྱི་རྒྱུ་ཆ་རིམ་སྤོར་དང་ཞིབ་སྤེལ་ཁང་འཛུགས་པའི་ཐད་བཏང་བ་ཡིན། 2025ལོར་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་སོང་བས། མ་དངུལ་མུ་མཐུད་ཐོན་རྫས་གསར་གཏོད་ཐད་བཏང་བ་ཡིན་ཞེས་གསར་འགོད་པར་བརྗོད།
སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་པ།
སྒར་རྫོང་གི་རིག་གནས་ཡུལ་སྐོར་གྱི་བཀོད་པའི་ཁྲོད་གལ་ཆེ་ཤོས་ནི་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱ་རྒྱུ་དེ་རེད།
སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་ཁུ་ནུ་ལམ་ཆེན་གྱི་ཟུར་ན་གནས་པའི་མངའ་རིས་ལྷ་རིའི་འབྲོག་ར་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནང་། ནས་ལས་སྣོན་ཞིབ་ཚགས་སྒྲིག་བཀོད་དང“གནའ་བོའི་ཞང་ཞུང་གི་ཤེས་དཔལ་ལམ་བུའི”བརྗོད་དོན་གཙོ་བོའི་འགྲེམས་པང་སྟར་པ་བསྒྲིགས་ནས་བཞག་ཡོད། ཐོ་འགོད་མ་དངུལ་སྒོར་ཁྲི་1500ཟིན་པའི་ཁེ་ལས་དེས“མཐོ་བ་དང་། རྒྱང་རིང་། ངོ་མཚར། དྲིན་ཚོར”བཅས་ཀྱི་སྙིང་སྟོབས་ནང་དོན་དེ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དོན་ཐོག་ཏུ་འཁྱོལ་བའི་ལག་ལེན་ཇུས་གཞིར་འགྱུར་བར་བྱས་ཡོད།
ཀུང་སིས་དགུན་ས་གནམ་ཐང་དང་། མངའ་རིས་རྟེན་མཛོད་ཁང་། གངས་རིན་པོ་ཆེའི་སྒར་ས་ཆེན་པོ་སོགས་དྲ་ཕྱིའི་ཚོང་ཁང་འགྲེམས་སྟོན་བྱ་ཡུལ་དུ་བྱས་ཏེ་ཚགས་ཤ་སྐམ་པོ་དང་། ནས་ཀྱི་ཏན་ཞིམ། ཕྱུར་བ་སོགས་རིགས་ཆེན་པོ་12ཀྱི་ཐོན་རྫས་ཁྱོན་40བཏོན་ནས། “ལྕེ་རྩེས་མྱོང་རོལ་ཐུབ་པའི་གངས་ཏི་སི”ཞེས་པའི་ཁྱད་ལྡན་ལག་རྟགས་བཏོད་ཡོད། དེ་བས་ཁྱད་ཆོས་ལྡན་པ་ནི། ཀུས་སིས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཡུལ་སྐོར་བྱ་ཡུལ་དུ་སྒྱུར་བར་བྱས་ཏེ། ཡུལ་སྐོར་བས་ཚོང་ཁང་ནས་རྩ་གཉིས་ཨང་རྟགས་བཤེར་ན་འབྲི་གཡག་གི་རྩྭ་ར་དང་ནས་ཀྱི་འདེབས་འཛུགས་ཞིང་དུད་ཁུངས་འདེད་ཐུབ་ལ། དེ་མཚུངས་ཀྱི་གྲོང་ཚོའི་མཉམ་སྡེབ་ཀྱི་ཁེ་སྤོགས་བགོ་འགྲེམས་གནས་ཚུལ་ཡང་ལྟ་ཐུབ། ཀུང་སིས་ད་དུང་ས་མཐོའི་མྱོང་རོལ་ལྗོངས་རྣམ་ལྗོངས་ཕྱིའི་ལས་སྟེགས་སུ་གཉེར་བ་དང་། ཁྲེང་ཏུའི“མཁའ་དབྱིངས་ཀྱི་མངའ་རིས”སྐུ་མགྲོན་མཇལ་འཕྲད་ཚོམས་ཆེན་དང་། ཤིས་ཨན་གྱི་རིག་གནས་ཡུལ་སྐོར་འགྲེམས་ཚོང་སྐར་ཁུང་། ཧྲི་ཅ་ཀྲོང་ཧོ་པེ་ཟོག་འགྲུལ་ལྟེ་གནས་བཅས་སུ་མྱོང་རོལ་བྱ་ཡུལ་བཀོད་སྒྲིག་བྱས་ཏེ། ས་ཡུལ་དངོས་སུ་རུ་ཐོག་གི་བྲག་བརྐོས་རི་མོའི་བཀབ་དཔར་དང་། རྩྭ་མདའི་ལྡེབས་རིས་ཀྱི་འཇིམ་བརྐོས། རྩམ་པ་འཐག་པ་སོགས་ཀྱི་རྣམ་གྲངས་འགྲེམས་སྟོན་བྱེད་ཀྱི་ཡོད་པ་རེད།
སྒར་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཚེ་རིང་བདེ་སྐྱིད་ཀྱིས། “རིག་གནས་ཡུལ་སྐོར་ནི‘ལས་རིགས་གཅིག་དར་ན་ལས་རིགས་ཚང་མ་དར་བའི’ཐོན་ལས་ཤིག་ཡིན། སྒར་རྫོང་གིས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཇུས་འགོད་སྔར་བས་ལེགས་སུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ། ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་དང་རིག་གནས་ཐོན་ཁུངས་ཡག་པོ་སྤྱད་ནས། སྒར་རྫོང་དེ་ཉིད་རིག་གནས་ཡུལ་སྐོར་ཐོན་ཁུངས་མང་བའི་རྫོང་ནས་རིག་གནས་ཡུལ་སྐོར་གྱི་རྫོང་སྟོབས་ཆེན་དུ་ཧུར་ཐག་འགྱུར་བར་བྱ་རྒྱུ་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།