སྐྱེ་ཁམས་བཟང་བའི་ཡུལ་ལུང་དུ། རིག་གནས་ཡུལ་སྐོར་དར་ཞིང་རྒྱས།
—— བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ཡུལ་སྐོར་ཁྲོམ་རར་ལྟ་ཞིབ་བྱས་པ།
“འགྲོ། ས་མཐོར་འགྲོ” རྒྱལ་ཡོངས་ཀྱི་ས་ཆ་མང་ཆེ་བར་ཚ་བ་ཆེ་བའི་སྐབས་སུ། ཀན་སུའུ་ལུང་ནན་གྱི་ཡུལ་སྐོར་བ་ཀྲང་ཨེན་ཙེ་དང་གྲོགས་པོས་སྒེར་འཁོར་བཏང་ནས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་བསྐྱོད། ས་མཐོར་འགྲོ་འདོད་ཀྱི་བསམ་པ་སྐོམ་པ་ཆུ་འདོད་ལྟར་ཡོད་རུང་ཁོང་གཉིས་ཀྱི་བློ་ཡུལ་དུ“ས་མཐོའི་རྫོང་གྲོང་ཆུང་ངུ་དེར་ཡང་སྙིང་ཡིད་དབང་འཕྲོག་ས་གང་ཡོད་མེད”ལ་ཐེ་ཚོམ་སྐྱེས།
དེ་གར་སླེབས་རྗེས་ཐེ་ཚོམ་འཇའ་ལྟར་ཡལ་ཞིང་། དེའི་ཡུལ་ལུང་ཀུན་ཏུ་སྤང་ལྗོངས་གཡུ་ཡི་མཎྜལ་ལྟར་སྔོ་བ་དང་འབྲི་གཡག་ནམ་མཁའི་སྐར་ཚོགས་བཞིན་མང་། ཀུན་བདེ་གླིང་རྩྭ་ཐང་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་བུང་བའི་ཚོགས་བཞིན་འཁོར་ཡོད། སྦྲ་གུར་ནས་གངས་རིར་རྒྱང་ལྟ་ཐུབ་པ་དང་། སྦྲ་གུར་ཕུབ་སར་སྤང་ལྗོངས་སྔོ་ལ་བསིལ་རླུང་དལ་བུར་ལྡང་བ། རྟ་ཐོག་ནས་སྐྱིད་པའི་བང་རྩལ་འགྲན་ཆོག་པ། བརྙན་པར་ནས་དགུང་སྔོན་སྤྲིན་དཀར་པར་དུ་ལེན་ཆོག སྐྱི་སེར་རླུང་བུའི་ཁྲོད་དུ་ཡུལ་ལུང་འདི་ནས་འདུ་འཛི་ཆེ་བའི་གྲོང་ན་མཐོང་བར་དཀོན་པའི་ལྷིང་འཇགས་ཀྱི་སྣང་བ་ཞིག་ཁྱེད་ལ་སྟེར་ངེས།
ཀུན་བདེ་གླིང་རྩྭ་ཐང་གི་ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་པ་དང་། ས་མཐོའི་རྩྭ་ར་མུའུ་ཁྲི་50ཙམ་ཡོད། འདི་གར་སྐྱེ་ཁམས་ལེགས་ལ་དུས་བཞིའི་མཛེས་ལྗོངས་ལྟ་ན་སྡུག དབྱར་ཁའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་10ནས་20བར་ལས་ཟིན་གྱི་མེད་པས་དྲོད་ཚད་ཧ་ཅང་སྙོམས་པོ་ཡོད། ད་ཆ་འདི་གར་དབྱར་དུས་ཀྱི་ཡུལ་སྐོར་བྱེད་ས་གཙོ་བོར་གྱུར་ཡོད།
“ང་ས་ཆ་མང་པོར་འགྲོ་མྱོང་ཡོད། ཟངས་རི་ནི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་རྫོང་ཁོངས་གྲས་ཤིག་ཡིན་པ་ཤེས་བྱུང་། འདི་གར་མཚོ་དང་། རྩྭ་ཐང་། ཆུ་ཚན། གངས་རི་བཅས་ཚང་མ་ཡོད་པས་ཡུལ་ལྗོངས་ཧ་ཅང་ལྟ་ན་སྡུག་པ་ཞིག་འདུག” ཀྲང་ཨེན་ཙེས་ཀན་སུའུ་ལུང་ནན་ནས་ཐོན་ཏེ་མཚོ་བོད་གཞུང་ལམ་བརྒྱུད་སྒེར་འཁོར་བཏང་ནས་བོད་དུ་ཡུལ་སྐོར་ཟླ་བ་གཅིག་བྱ་རྩིས་ཡོད་པ་རེད། ཁོང་གིས“རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཚ་བ་ཧ་ཅང་ཆེ་ཡང་ངས་ཟངས་རི་ནས་བསིལ་ལྡན་གྱི་ནམ་དུས་མྱོང་བཞིན་ཡོད”ཅེས་བཤད།
གནམ་གཤིས་ཀྱི་གྲངས་གཞིས་མྱོང་ཚོར་འདིར་ར་སྤྲོད་བྱེད་ཐུབ། ལྷོ་ཁ་གྲོང་ཁྱེར་གྱི་གནམ་གཤིས་ཆེད་ལས་ལག་རྩལ་པ་སུའུ་ཀྲི་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་གཉིས་རིང་གི་གནམ་གཤིས་གྲངས་གཞིར་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་པར་གཞིགས་ན། ཟངས་རི་རྫོང་ཡོངས་ཀྱི་དབྱར་གསེང་རིང་གི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་16.8ཟིན་པ་དང་། ལོ་ཧྲིལ་པོར་ཧྲེ་ཧྲི་ཏུའུ་30ལས་བརྒལ་བའི་དྲོད་ཚད་མཐོ་བའི་ཉིན་གྲངས་3ཡང་ཟིན་གྱི་མེད། དྲོད་ཚད་ཧྲེ་ཧྲི་ཏུའུ་15ནས་25བར་གྱི་དུས་སྐྱིད་ཤོས་སུ་གནས་པའི་ཉིན་གྲངས་ཀྱིས་28%ལྷག་ཙམ་བཟུང་བ་དང་། བལྟོས་བཅས་ཀྱི་བརླན་ཚད་41%ཙམ་རྒྱུན་འཁྱོངས་ཐུབ་ཀྱི་ཡོད་པས་དེ་ལྟ་བུའི་གནམ་གཤིས་ནི་མི་སྡོད་པར་ཧ་ཅང་འཚམ་པོ་ཡོད།
ས་མཐོའི་གྲོང་ཁྱེར་ཆུང་ངུ་དང་རིག་གནས་ཡུལ་སྐོར་གྱི་གསང་རྟགས་ཡང་སྙིང་གང་དུ་ཡོད་དམ། དེའི་རྒྱབ་ཕྱོགས་སུ་མངོན་པ་ནི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་རི་ཆུའི་མི་ཆོས་རིག་གནས་དང་འབྲེལ་བའི་ཇུས་ཆེན་ཞིག་རེད།
2026ལོར། ཟངས་རི་རྫོང་ཨུད་ཀྱིས“མཚར་སྡུག་བཀྲ་བའི་ཟངས་རི། ཕྱུག་པོར་སྙེགས་པའི་ཡུལ་སྐོར”གྱི་ལམ་ཐིག་རྩེ་གྲས་ཡུལ་སྐོར་ཡོང་མཁན་རྒྱུན་མཐུད་མང་དུ་བཏང་ནས། རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད། ཡུལ་སྐོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པའི་མདུན་དུ་ཟངས་རི་རྫོང་གིས་ཐར་ཐོར་དུ་གནས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་མུ་ཏིག་ཕྲེང་ལ་རྒྱུས་པ་ལྟར་གཅིག་ཏུ་སྦྲེལ་ནས་ཡུལ་སྐོར་ལམ་ཐིག་རྩེ་གྲ་6བརྒྱུད་རིམ་ལྡན་པའི་ངང་ཁྱབ་གདལ་བཏང་ཞིང་། དེ་ནི་གཟི་བྱིན་ལྷ་མཚོ་དང་། དྭགས་པོ་གྲོག་རོང་། འོལ་ཁ་ཆུ་ཚན། གངས་རི་འོ་དེ་གུང་རྒྱལ། ཕག་གྲུ་ཨ་རག་གཞིས་ཀ་སོཌ་མཛེས་ལྗོངས་ཁུལ་གཅིག་ཏུ་སྦྲེལ་ནས“ཉིན་གཅིག་ཡུལ་སྐོར་བྱེད་རིང་ཡུལ་ལྗོངས་མང་པོ་ཉམས་སུ་མྱོང་བ”མངོན་འགྱུར་ཐུབ་ཡོད།
ཟངས་རིར་སྐྱོད་པའི་ལམ་བར་དུ་ཕག་གྲུ་རྒུན་འབྲུམ་རྟེན་གཞིའི་རྒུན་འབྲུམ་གྱི་སྡོང་པོར་རྒུན་འབྲུམ་བྱུར་བུར་བཏགས་ཡོད་པ་དང་། གངས་རི་འོ་དེ་གུང་རྒྱལ་བརྗིད་ཆགས་འགྱིང་ངེར་གནས་པ། འོལ་ཁ་ཆུ་ཚན་དྭངས་ཤིང་གཙང་བ། གཟི་བྱིན་ལྷ་མཚོ་གཡུ་ཡི་མེ་ལོང་ལྟར་སྔོ་བ་ལ་སོགས་ཡུལ་ལྗོངས་ལྟ་བས་མི་ངོམས་པས། ཡུལ་སྐོར་བ་རྣམས་འགྲོ་མཚམས་ཀྱང་བཞག་ནས་རང་བྱུང་གི་མཛེས་རིས་བར་ཁྱམས་འདིར་སྐབས་ཤིག་རིང་ཅི་དགར་མི་རོལ་ཅི་ལ་སྲིད་ཅེས་ཀྲང་ཨེན་ཙེ་ཡིས་བཤད།
“ཡུལ་སྐོར་བ་ཚོའི་ངོས་ནས་བཤད་ན་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་གསར་བརྗེས་ཀྱི་ཡུལ་སྐོར་ཐོན་རྫས་ཐད་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། ང་ཚོས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མངོན་པར་བྱས་ནས་ཁྱད་པར་ཅན་དང་དབྱིངས་ཞུགས་རྣམ་པའི་ས་མཐོའི་རིག་གནས་ཡུལ་སྐོར་ཉམས་ལེན་བྱེད་སྟངས་གཏོད་དགོས་པ་མ་ཟད། ད་དུང་རིག་གནས་ཡུལ་སྐོར་བྱེད་སྒོ་རྒྱུན་མཐུད་འཁྲུག་ཏུ་གཏོང་དགོས”ཞེས་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་རྟགས་རྒྱུན་མཐུད་ལེགས་སུ་གཏོང་བའི་ཐད་ཟངས་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་དབྱང་ཀྲེང་གིས་ཕུགས་ལ་བསམ་བློ་གཏོང་བཞིན་དེ་ལྟར་བཤད།
ད་ལོའི“ལྔ་གཅིག”གུང་གསེང་རིང་། “བོད་མིའི་འབྱུང་གནས་ལྷོ་ཁ། མཚར་སྡུག་བཀྲ་བའི་ཟངས་རི”ཞེས་པའི་གཟི་བྱིན་ལྷ་མཚོ་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་འོས་སྦྱོར་དང་དར་ཁ་འབྱེད་པའི་མཛད་སྒོ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། དར་ཁ་འབྱེད་པ་འགོ་ཚུགས་སར་བྱས་ཏེ་དམངས་སྲོལ་འགྲེམས་འཁྲབ་དང་། རིག་གནས་ཡུལ་སྐོར་མཉམ་འགུལ། རི་ཆུར་ལྟ་སྐོར་སོགས་ཀྱི་ཉམས་ལེན་སྣ་མང་རེས་མོས་བྱས་པ་ལས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་600ལྷག་ཙམ་གྱི་ཡིད་དབང་བཀུག་ནས་བླ་མཚོའི་དར་ཁ་འབྱེད་པའི་མཛེས་སྡུག་ལྡན་པའི་དུས་སྐབས་ལ་མཉམ་དུ་དཔང་པོ་བྱས་པ་རེད།
རྣམ་པ་གསར་པ་དང་ལས་རྣམ་གསར་པ་ལས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གསོན་ཤུགས་ཆེན་པོ་འཕེལ་བཞིན་ཡོད། “ལྔ་གཅིག”ངལ་གསོའི་རིང་ཟངས་རིའི་རིག་གནས་ཡུལ་སྐོར་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་ནས་འཛད་སྤྱོད་ཀྱི་ཚ་རླབས་རྒྱུན་མཐུད་འཕྱུར་ཞིང་། རྫོང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་2.15ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་300%ལྷག་ཙམ་འཕར་ཡོད་པ་རེད།
མི་ཇི་ཙམ་གྱིས་མང་དུ་ཕྱིན་ན་དེ་བསྟུན་གྱི་གཏམ་རྒྱུད་དེ་ཙམ་གྱིས་མང་དུ་འགྲོ་བ་སྨྲོས་མེད་རེད། ལོ་23ལ་སླེབས་པའི་བཀྲ་ཤིས་རྒྱལ་མཚན་སློབ་ཆེན་ཐོན་རྗེས་གྲོང་ཁྱེར་དུ་སྡོད་པའི་བསམ་བློ་མ་བཏང་བར་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་གྱིས་བོད་སྐྱོར་མ་འཇོག་བྱས་ནས་བསྐྲུན་པའི“ས་གོ་ལའི་སྐར་ཁུང”ཞེས་པའི་ཁྲོམ་བཀྱག་འགན་གཙང་བླངས་ནས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་འཚོང་འགོ་བཙུཌ།
དེའི་རིང་ཁོང་གི་ཁྲོམ་བཀྱག་མདུན་དུ་ཡུལ་ཟོག་ཐོན་རྫས་ཉོ་མཁན་གྱིས་ཁེངས་ནས་ཉིན་ལྟར་ཡོང་འབབ་སྒོར་ཆིག་སྟོང་ཙམ་ཡོང་གི་ཡོད། དེ་ནས་ཁོང་གིས་གུར་གྱི་ཕྱི་རོལ་དུ་ཐབ་བཏང་ནས་ཚགས་ཤ་དང་ལུག་ཤ་བཙོས་པས། དེའི་དྲི་ཞིམ་རླུང་ཕྱོགས་དང་བསྟུན་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་སྣ་ལམ་དུ་འཐུལ་བས་དེ་གར་ཡོང་མཁན་ཡུལ་སྐོར་བ་མང་པོ་ཡོད།
“བྲེལ་བ་ཆེ་ཙམ་འདུག འོན་ཀྱང་སྣང་བ་སྐྱིད་པོ་འདུག”ཅེས་བཀྲ་ཤིས་རྒྱལ་མཚན་གྱིས་འཛུམ་དམུལ་དམུལ་ངང་བཤད། ཁོང་གི་རྒྱབ་ཏུ་ཤིན་ཏུ་ལྟ་སྣང་དོད་པའི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ཞིག་ཡོད་པ་དེ་ནི་སྣུམ་ཚོན་རི་མོ་ཞིག་དང་ཨ་ན་མ་ན་རེད།
“ས་མཚམས་སྒྲོལ་བའི་ཡུལ་སྐོར”ནས“ཞག་སྡོད་ཡུལ་སྐོར”བར་དང་། “གཱ་ཐོ་འགོད་པ”ནས་དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱེད་པའི་བར། ཟངས་རི་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཕྱོགས་སྒྱུར་ལམ་བུ་ནི་ས་མཐོའི་རྫོང་ཁོངས་དཔལ་འབྱོར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་སྟོབས་ཤུགས་ཀྱི་རྒྱུན་མཐུད་རོགས་རམ་འོག་ས་མཐོའི་མུ་ཏིག་འདི་ལས་འོད་མདངས་གསར་པ་རྒྱུན་ཆད་མེད་པར་འཕྲོ་བཞིན་ཡོད་ཅིང་། རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཐོན་ལས་ཀྱི་རྣམ་པ་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཞིང་འབྲོག་པ་ཚོར་རང་ཁྱིམ་གྱི་སྒོ་རྩ་ནས་ཡུལ་སྐོར་གྱི་ཡོང་འབབ་ཀྱང་གསོག་རྒྱུ་བྱུང་ཡོད། ད་ཆ་སྐྱེ་ཁམས་ལྟ་ན་སྡུག་པ་དང་། ཐོན་ལས་དར་ཞིང་རྒྱས་པ། མི་སེར་འབྱོར་ཕྱུག་ལྡན་པ་བཅས་ཀྱི་ས་མཐོའི་རྣམ་པ་གསར་རྐྱང་ཞིག་ཡར་ཀླུང་གཙང་པོའི་ངོགས་སུ་དལ་བུར་མངོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།