སྐྱེ་ཁམས་སླར་གསོ་བྱས་པ་ལས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་བྱུང་བ།
ཁོར་ཡུག་གནས་འཕྲོད་ནི་ཐའེ་ཡོན་དུ་སྡོད་མཁན་ཕྱི་རྒྱལ་གྱི་གྲོགས་པོ་མང་པོ་ཞིག་གིས་གྲོང་ཁྱེར་དེར་གདེང་འཇོག་གཅིག་མཐུན་བྱས་པ་ཞིག་རེད། སྲོལ་རྒྱུན་གྱི་བཟོ་ལས་གྲོང་ཁྱེར་ཞིག་གི་ངོས་ནས་བརྗོད་ན་གདེང་འཇོག་དེ་རིན་ཐང་ཧ་ཅང་མཐོ་པོ་ཞིག་རེད།
ལྕི་བའི་བཟོ་ལས་ནས་འཕེལ་རྒྱས་འགོ་ཚུགས་པའི་ཐའེ་ཡོན་གྱི་ངོས་ནས་བརྗོད་ན། ཡུལ་དེའི་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱི་ཞན་ཆའི་ཚོད་འཛིན་ཕོག་ཅིང་། ཉེ་བའི་ལོ་ཤས་རིང་། ཐའེ་ཡོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ནས། དེ་སྔའི་འཕེལ་རྒྱས་གཏོང་སྟངས་དོར་ཏེ་གྲོང་ཁྱེར་གྱི་ལེགས་ཆར་གཞི་ཚུགས་ནས་ཕྱོགས་སྒྱུར་རིམ་སྤོར་བྱས་པ་དང་ཆབས་ཅིག ཐོན་ལས་ཀྱི་སྤུས་འདེགས་དང་། སྐྱེ་ཁམས་ཀྱི་སྤུས་འདེགས། འཚོ་བའི་སྤུས་འདེགས་བཅས་ལ་དུས་གཅིག་ཅར་དུ་སྣང་ཆེན་གྱིས་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བ་དང་ལྗང་མདོག་གིས་མཐུན་རྐྱེན་སྦྱོར་བའི་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད་པ་རེད།
གྲོང་ཁྱེར་བཅོས་སྐྱོང་གི་ལྟེ་བ་ནི་མི་ཡིན་ཞིང་། མིའི་འཚོ་སྡོད་ཁོར་ཡུག་གིས་དམངས་འཚོའི་གཞི་གདན་མངོན་ཐུབ། གནམ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་སྤུས་ཚད་དེ་བས་ལེགས་པ་བཅས་ཀྱིས་དཔལ་འབྱོར་ཕན་འབྲས་ཐད་ཀར་གཏོད་མི་ཐུབ་རུང་། མིའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བཞིན་ཡོད། ལོ་20ལྷག་ཙམ་གྱི་རིང་། ཐའེ་ཡོན་གྱིས་རྒྱུག་མཐུད་རྣམ་པའི་འགག་སྒྲོལ་བྱས་ཏེ་ཧྥེན་ཧོ་གཙང་པོའི་སྐྱེ་ཁམས་སླར་གསོར་སྐུལ་འདེད་རྒྱུན་མཐུད་བཏང་ནས། ནུས་ཟད་ཆེ་བ་དང་སྦགས་བཙོག་ཆེ་བའི་སྲོལ་རྒྱུན་ཐོན་ནུས་མཐའ་གཅིག་ཏུ་དོར་ཏེ་སྐྱེ་ཁམས་སླར་གསོ་བྱས་ནས་རིག་གནས་དང་ཡུལ་སྐོར་ལུས་གསོ་དང་། དྲ་ཐོག་ཐད་གཏོང་ཚོང་དོན། རྩེར་སོན་ཞབས་ཞུའི་ལས་རིགས་སོགས་གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་བར་མཐོངས་བཏོད་ཡོད་པ་རེད།
རྒྱུན་མཐུད་ལེགས་འགྱུར་གྱི་སྐྱེ་ཁམས་ཁོར་ཡུག་ལས“མཛེས་སྡུག་ལྡན་པའི་ཐའེ་ཡོན”གྱི་གྲོང་ཁྱེར་ཉམས་འགྱུར་མངོན་པ་མ་ཟད། གྲོང་ཁྱེར་གྱི་སྐྱེ་སྟོབས་ཀྱི་ཉམས་འགྱུར་དང་ལོ་རྒྱུས་ཀྱི་ཤེས་རིག་སྐྱོང་སྤེལ་བྱས་ནས། ཐའེ་ཡོན་ལ་ཤེས་ལྡན་པ་འདུ་རུབ་དང་། གསོན་ཤུགས་འཕེལ་བ། འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་བཅས་ཀྱི་ལྟེ་བའི་འགྲན་ནུས་སུ་གྱུར་ཡོད། སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་ཟབ་སྣང་བསྟུན་མཁས་ཀྱི་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་གྱིས། དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྱི་ཡིད་དབང་འགུག་ཤུགས་ཤིག་གྲུབ་ནས་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་པ་སྔར་བས་མང་བས་དེར་གཞི་ཚུགས་པ་དང་བྱ་གཞག་བཏོད་དེ། གྲོང་ཁྱེར་གྱི་སྒོ་དབྱེ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཐུབ་པའི་གནས་ལུགས་དེ་ཉིད་ཐའེ་ཡོན་གྱིས་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།