དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར་རང་ལྗོངས་ཀྱི་གཙོ་གནད་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-19

    ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་རུ་སྣེ་ཁྲིད་དེ་ལྷ་སའི་གྲོང་ཁུལ་དང་། དཔལ་འབྱོར་གསར་སྤེལ་ཁུལ། མལ་གྲོ་གུང་དཀར་རྫོང་སོགས་སུ་ཕེབས་ནས་རང་ལྗོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་དང་། དངུལ་རྩ། བཟོ་ལས། འཕྲིན་གཏོང་། དམངས་སྤྱོད་མཁའ་འགྲུལ། གློག་ཤུགས། རྡོ་སྣུམ་བཅས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་རིགས་འཕེལ་རྒྱས་ཀྱི་ཕན་འབྲས་ལ་ཕྱོགས་སྡོམ་དང་། ད་ལྟའི་གནས་སྟངས་དང་། གོ་སྐབས། ཞན་ཆ་བཅས་ལ་བརྡར་གཅོད་གནང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་འགྲོ་ལམ་ལ་འཆར་འགོད་ཚགས་ཚུད་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ལ་རྒྱང་ལྟའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། འབྲེལ་ཡོད་ཚན་པ་དང་ཁེ་ལས་ཁག་ལ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ལས་དོན་ཁག་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། རང་རྟོགས་ངང་རང་ངོས་འཕེལ་རྒྱས་གཏོང་བ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་ཡོང་བ་བཅས་བྱས་ཏེ། རྒྱང་ལམ་གསར་པར་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས“འབད་པ་ལྷོད་མེད་ཀྱིས་དམིགས་ཚད་དེ་བས་མཐོ་བར་སྙེག་རྒྱུ”མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་བྱ་ཐབས་ལ་བརྟེན་ནས་ཡང་དག་པའི་བྱ་བ་སྒྲུབ་པ་དང་། ལེགས་ཆ་རྒྱུན་མཐུད་ཆེ་རུ་གཏོང་བ་དང་ཞན་ཆ་སེལ་བ། ཚད་གཞི་མཐོ་བའི་སྒོ་ནས་ཚན་པ་འདི་ག་དང་། ཁོངས་གཏོགས་འདི་ག ལས་རིགས་འདི་ག་བཅས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་འཆར་འགོད་བྱེད་དགོས། ལས་རིགས་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱེད་པ་དང་། གསལ་ཐོ་ཅན་གྱི་དོ་དམ་བྱས་ནས་སྣེ་འཁྲིད་ཚན་པ་དང་། ལས་ཀའི་བྱ་ཐབས། འགན་འཁུར་མཁན། ལེགས་སྒྲུབ་ཀྱི་དུས་བཀག་བཅས་ཁ་གསལ་བཟོ་བའི་ཐོག་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། བོད་སྐྱོར་ཐོན་ཁུངས་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། རིམ་པ་མཐོ་བ་དང་མཉམ་འདུས་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།