སྡེ་ཚན་བཞིའི་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་ཕྲུ་གུ་དམར་འབྱར་གྱི་ཆབ་གདན་གྱི་ཤན་ཨན་ཀ་པའི་གནད་དོན་ལ་ཞིབ་བཤེར་བྱས་ཚུལ་བརྡ་ཁྱབ་བཏང་བ།
ཟླ་10ཚེས་15ཉིན། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་གླེང་ཕྱོགས་ནས་མངོན་པའི་ཕྲུ་གུ་དམར་འབྱར་གྱི་ཆབ་གདན་གྱི་ཤན་ཨན་ཀ་པའི་གནད་དོན་ལ་དམིགས་ནས། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་བཅས་ཀྱིས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ཏེ་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་ཁུངས་སྣེར་ཞིབ་དཔྱད་ནན་ཏན་བྱས་ནས་བརྟག་དཔྱད་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད།
མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་རྒྱལ་ནང་གི་ཕྲུ་གུ་དམར་འབྱར་གྱི་ཆབ་གདན་ཐོན་སྐྱེད་ཁེ་ལས(ཚབ་བཟོའི་ཁེ་ལས་ཚུད་པ)168ལ་ཕྱོགས་ཡོངས་ནས་འཐེན་བཤེར་བྱས་པའི་ནང་ཚོང་རྟགས་180ཡི་ཁག་ཐེངས་368ཀྱི་ཆབ་གདན་ཐོན་རྫས་ཀྱི་མ་དཔེ་ཚུད་ཡོད་པ་དང་། དེ་དག་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཀྲུང་གོ་སྤུས་ཚད་ཞིབ་དཔྱད་ཚད་ལེན་ཚན་རིག་ཞིབ་འཇུག་ཁང་སོགས་དབང་གྲགས་ལྡན་པའི་སྒྲིག་གཞིར་ཞིབ་དཔྱད་ཚད་ལེན་བྱེད་དུ་བཅུག་པར་ཤན་ཨན་ཀ་པ་ཐོན་མེད། ཞིབ་བཤེར་བྱ་ཡུལ་ཁེ་ལས་ཚང་མར་དུག་སེལ་ཐོན་རྫས་ཀྱི་ཐོན་སྐྱེད་འཕྲོད་བསྟེན་གྱི་ཚད་གཞི་དང་ཆ་རྐྱེན་འཛོམས་ཡོད་པ་མ་ཟད། ཐོན་སྐྱེད་བཟོ་རྩལ་དང་དེ་བཞིན་མ་བཅོས་རྒྱུ་ཆའི་ཁྲོད་ཤན་ཨན་ཀ་པ་བསྲེས་པའི་གནས་ཚུལ་ཐོན་མེད་པ་རེད། བརྟག་དཔྱད་ཞིབ་བསྡུར་བྱས་པ་བརྒྱུད། ཕྲུ་གུ་དམར་འབྱར་གྱི་ཆབ་གདན་ནས་ཤན་ཨན་ཀ་པ་ཐོན་སོང་ཞེས་ཤོད་མཁན་གླེང་ཕྱོགས་དང་འབྲེལ་བའི་ཞིབ་བཤེར་ཚད་ལེན་བྱེད་པོ་མང་པོ་ཞིག་ལ་ངོ་བོ་གཏན་འཁེལ་གྱི་རྩ་དོན་ཁ་གསལ་མེད་པ་དང་། ཞིབ་དཔྱད་ཚད་ལེན་གྱི་བརྒྱུད་རིམ་དང་དེ་བཞིན་གཏན་འཁེལ་གྱི་གཞི་འཛིན་ས་ནན་པོ་མེད་པ། ཐོག་མའི་གྲངས་གཞི་བསུབས་པ་སོགས་ཀྱི་གནད་དོན་ལྡན་པས། ཤན་ཨན་ཀ་པ་ཐོན་སོང་ཞེས་པའི་བསྡོམས་ཚིག་འགོད་ཐབས་བྲལ་བ་རེད།
ཕྲུ་གུ་དམར་འབྱར་གྱི་ཆབ་གདན་ཁྲོད་ཤན་ཨན་ཀ་པ་ཡོད་མེད་ལ་ཞིབ་དཔྱད་ཚད་ལེན་བྱེད་པ་ནི་གཟབ་ནན་དང་ཆེད་ལས་ཀྱི་ཞིབ་དཔྱད་ཚད་ལེན་བྱེད་སྒོ་ཞིག་ཡིན་པས། ཤན་ཨན་ཀ་པའི་བདེ་ཐང་གནོད་འཚེའི་གནད་དོན་ལ་དོན་དངོས་དང་མཐུན་ཞིང་དེ་བས་ནན་པའི་ཞིབ་འཇུག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཕྲུ་གུ་དམར་འབྱར་གྱི་སྤྱོད་ཆས་ལ་ལྟ་འདོམས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག སྤྱི་ཚོགས་ལས་རིགས་ཁག་ཧུར་ཐག་ཞུགས་ནས་བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཅིག་མཉམ་དུ་གཏོད་པར་དགའ་བསུ་ཞུ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།