དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལེགས་པོ་རོང་བུ་སྤུན་གསུམ་གྱི་མཐའ་སྲུང་ལས་དར་གྱི་ལམ་བུ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-19

    ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ལེགས་པོ་རོང་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁའི་མཚོ་སྣ་གྲོང་ཁྱེར་གྱི་མཐའ་མཚམས་གྲོག་རོང་ཞིག་ཏུ་གནས་ཤིང་། རང་རྒྱལ་གྱི་གྲངས་ཉུང་མི་རིགས་མོན་པ་རིགས་ཀྱི་འདུས་སྡོད་ཁུལ་གཙོ་བོའི་གྲས་ཤིག་ཀྱང་རེད། ལམ་འགྲམ་དུ་དྲག་ཏུ་རྒྱུག་པའི་ཉ་བཤང་ཆུས་སྐྱིད་པ་དང་། ཀོབ་རི། མག་མག སླད་བཅས་མོན་པ་མི་རིགས་ཤང་བཞི་གཅིག་ཏུ་སྦྲེལ་ཡོད།

    ལེགས་པོ་རོང་གི་ཕུ་ལ་གནས་པའི་སླད་མོན་པ་མི་རིགས་ཤང་དུ་ཆ་སྙོམས་ས་བབ་སྨི་2300ལྷག་ཙམ་ཡོད་པ་དང་གནམ་གཤིས་དྲོ་ཞིང་བརླན་གཤེར་ཆེ་ལ་ལོ་འཁོར་མོར་སྨུག་པས་བཏུམས་ནས་ཡོད། སླད་ཤང་དུ་བསྟན་འཛིན་རྒྱ་མཚོ་དང་། ཚེ་རིང་སྲི་ཐར། རྡོ་རྗེ་བསྟན་འཛིན་བཅས་བུ་སྤུན་གསུམ་གྱིས་གཅིག་རྗེས་གཉིས་མཐུད་ངང་དམག་མིར་ཞུགས་པ་དང་དམག་ཞབས་ཐིམ་རྗེས་སྔ་རྗེས་སུ་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་འཛུགས་སྐྲུན་ལས་ལ་གཞོལ།

    “པཱ་ལགས་སྐུ་འཚོ་བཞུགས་སྐབས་ཀྱི་བསམ་འདུན་ཆེ་ཤོས་ནི་ང་ཚོ་ཕྱིར་བསྐྱོད་དེ་སློབ་སྦྱོང་བྱས་ནས་ཤེས་ལྡན་པ་ཞིག་བྱེད་པའམ་ཡང་ན་དམག་མི་བྱས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་དེ་རེད”ཅེས་གཅེན་པོ་བསྟན་འཛིན་རྒྱ་མཚོས་དྲན་གསོ་བྱེད་བཞིན་དུ་བཤད།

    2007ལོར་ལོ་21ལ་སླེབས་པའི་ཁོང་མངའ་རིས་སུ་མཐའ་སྲུང་དམག་མི་ཞིག་བྱས། དམག་ཁོངས་ནས་བྲལ་རྗེས། ཕ་ཡུལ་གྱི་འགྱུར་ལྡོག་དང་བསྟུན་ནས་ཁོང་གིས་ཞིང་དུད་སྤྲོ་སྐྱིད་ཁང་ཞིག་གཉེར། དེ་ནས་ཡང་དངོས་ཟོག་དབོར་འདྲེན་སོགས་བྱས་ནས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས།

    གཅེན་པོ་ནི་གཅུང་པོ་ཚོའི་མིག་དཔེ་ཡག་ཤོས་རེད། 1993ལོར་སྐྱེས་པའི་ཚེ་རིང་སྲི་ཐར་གྱིས་གཅེན་པོ་དམག་ཁོངས་ནས་ཕྱིར་ལོག་པའི་ལོ་དེར་དམག་དཔུང་ནང་ཞུགས་པ་དང་། ལོ་གཉིས་ཀྱི་དམག་དཔུང་གི་འཚོ་བ་བརྒྱུད་ཁོང་ཡང་འཇིགས་ཞུམ་མེད་པའི་འཐབ་འཛིང་པ་ཞིག་ཆགས། 2015ལོར་ཁོང་ཆེད་ལས་ནགས་སྲུང་བ་ཞིག་ཏུ་གྱུར་པ་དང་མཐའ་སྲུང་བའི་འགན་གཅིག་ལྕོགས་སུ་འཁུར།

    “ཁྱིམ་དུ་གཅིག་པུར་ལུས་པའི་ཨ་མ་རྒན་འཁོགས་ལ་རྟག་ཏུ་སེམས་ཁྲལ་ཡོང་གི་འདུག ད་དུང་ཕ་ཡུལ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ཡང་མི་སྣ་དགོས་པས། ང་ཕ་ཡུལ་དུ་ལོག་ཡོང་བ་ཡིན”ཞེས་ཚེ་རིང་སྲི་ཐར་གྱིས་བཤད།

    གཅུང་པོ་ཆུང་ཤོས་རྡོ་རྗེ་བསྟན་འཛིན་ནི་སློབ་ཆེན་ནས་ཐད་ཀར་བསྡུས་པའི་ཧྲེ་ཀོན་དམག་མི་ཡིན་པ་དང་དམག་ཞབས་ཐིམ་ནས་ཡུན་རིང་མ་སོང་བར་ཁོང་ཡང་གཅེན་པོ་གཉིས་ཀྱི་འགྲམ་དུ་ལོག་ཡོང་ཡོད། ཁོང་གིས“ངའི་བསམ་པར་གཅེན་པོ་གཉིས་དང་མཉམ་དུ་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པ་དེར་དོན་སྙིང་ཆེན་པོ་འདུག”ཅེས་བཤད།

    ལེགས་པོ་རོང་དུ་ནགས་ཚལ་ཁེབས་མང་བས། རི་སྔོན་ཆུ་དྭངས་དེར་སྲུང་སྐྱོང་བྱེད་པ་ནི་མཐའ་མཚམས་ཀྱི་སྲུང་བཅད་སྲུང་སྐྱོང་བྱེད་པ་ཞིག་རེད།

    ཞོགས་པའི་ཆུ་ཚོད་9པར། ཚེ་རིང་སྲི་ཐར་དུས་བཀག་ལྟར་སྐོར་གཡེང་གྱི་ལམ་དུ་ཆས་ཤིང་། ཆེད་བསྐོས་ནགས་སྲུང་བ་ཞིག་ཡིན་པའི་ཁོང་གིས་རྟག་ཏུ་གདོད་མའི་ནགས་ཚལ་དུ་སྐོར་གཡེང་བྱེད་པར་བསྐྱོད་དེ་ཤིང་སྡོང་ལ་ནད་འབུའི་གནོད་འཚེ་ཡོད་མེད་དང་མིས་གང་བྱུང་དུ་གཅོད་ཀྱི་ཡོད་མེད་སོགས་ལ་ལྟ་ཞིབ་བྱེད་ཀྱི་ཡོད། ཚེ་རིང་སྲི་ཐར་གྱིས་ཐག་རིང་གི་རི་ཚོགས་ལ་མཛུབ་མོ་བཙུགས་ནས“སྐབས་རེ་ང་ཚོ་ཡང་མཐའ་མཚམས་སུ་སྐོར་ཞིབ་བྱེད་པར་འགྲོ་གི་ཡོད། དེ་སྔ་མཐའ་མཚམས་སུ་སྐོར་ཞིབ་བྱེད་པར་རྐང་པ་གཉིས་ལ་བརྟེན་དགོས་ཀྱི་ཡོད། ཐག་རིང་ཤོས་སུ་འགྲོ་འོང་བྱེད་པར་ཉིན་བཞི་ལྔ་ཙམ་འགོར་གྱི་ཡོད”ཅེས་བཤད།

    ཚེ་རིང་སྲི་ཐར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐག་རིང་ཤོས་ཀྱི་སྐོར་ཞིབ་བྱ་ཡུལ་དུ་ས་བབ་སྨི་5000ལྷག་ཙམ་ཡོད་པ་དང་གསོ་རླུང་ཉུང་ལ་གནམ་གཤིས་ལ་འགྱུར་ལྡོག་ཆེ། “སྤྱིར་བཏང་བྱས་ན་དེ་གར་ཞག་མ་གཅིག་སྡོད་དགོས་ཀྱི་ཡོད་པས། རྟག་ཏུ་མགོ་ན་ནས་གཉིད་ཁུག་གི་མི་འདུག”ཅེས་ཚེ་རིང་སྲི་ཐར་གྱིས་བཤད་པ་དང་། ཁོང་གིས། དེ་སྔ་ལས་རོགས་ཤིག་ལ་ལ་དུག་ཕོག་ནས་དྲན་པ་ཐོར་རྐྱེན། ལས་རོགས་ཚོས་རེས་མོས་ཀྱིས་སྒལ་པར་འཁྱེར་བ་དང་ཐག་པས་འཐེན་ནས་ཕྱིན་པས་མཐའ་མ་ལ་རྒྱག་ཐུབ་ཙམ་བྱུང་ཞེས་བཤད།

    “ལས་ཀ་འདི་དངོས་གནས་དཀའ་ལས་ཧ་ཅང་ཁག་པོ་འདུག འོན་ཀྱང་ང་ཚོ་ཚང་མས་དེ་ནི་གཟི་བརྗིད་ལྡན་པ་ཞིག་རེད་སྙམ་གྱི་འདུག འདི་ནི་ང་ཚོའི་ཕ་ཡུལ་རེད་ལ་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱང་རེད”ཅེས་ཚེ་རིང་སྲི་ཐར་གྱིས་བློ་རྩ་བརྟན་པོས་བཤད།

    ད་ཆ་མཐའ་མཚམས་ཀྱི་སྐོར་ཞིབ་ལམ་རི་འདབས་སུ་བསྐྲུན་པ་དང་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་ནའང་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོང་གི་ཁོང་ཚོའི་འགན་འཁྲི་འཁུར་སེམས་ལ་འགྱུར་ལྡོག་གཏན་ནས་ཕྱིན་མེད། ཚེ་རིང་སྲི་ཐར་གྱིས“ད་ཆ་རྒྱལ་ཁབ་ཀྱིས་ཁ་གསབ་སྤྲོད་པ་དང་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོས་ནགས་ཚལ་དེ་བས་ཡག་པོ་སྲུང་དགོས”ཞེས་བཤད།

    གལ་ཏེ་གཅེན་པོ་གཞོན་པས་མཐའ་མཚམས་བསྲུངས་ནས་སྡོད་ཀྱི་ཡོད་ཅེས་བརྗོད་ན། གཅེན་པོ་རྒན་པ་དང་གཅུང་པོས་ཕྱིར་ལས་ཀར་སྐྱོད་བཞིན་ཡོད།

    མཚོ་སྣ་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་ལེགས་པོ་རོང་གི་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་ཡོད། བསྟན་འཛིན་རྒྱ་མཚོས་ཚོང་ལས་ཀྱི་གོ་སྐབས་དམ་འཛིན་བྱས་ཤིང་། ཁོང་གིས་དངུལ་བུན་གཡར་ནས་ས་རྡོ་དབོར་བྱེད་རླངས་འཁོར་དང་ཨར་འདམ་དབོར་བྱེད་རླངས་འཁོར་ཉོས་ཏེ་གཅུང་པོ་ཆུང་ཤོས་རྡོ་རྗེ་བསྟན་འཛིན་ཁྲིད་དེ་སྐྱེལ་འདྲེན་བྱེད་འགོ་བརྩམས། “དང་ཐོག་དཀའ་ལས་ཧ་ཅང་ཁག་པོ་བྱུང་། རླངས་འཁོར་ཉོས་པའི་དངུལ་བུན་གྱི་གནོན་ཤུགས་ཆེ་བ་མ་ཟད། འགྲོ་ལམ་ཡང་བདེ་པོ་མེད”ཅེས་བསྟན་འཛིན་རྒྱ་མཚོས་བཤད། འོན་ཀྱང་དམག་དཔུང་ནང་སྦྱོང་བརྡར་ཐེབས་པའི་སྙིང་རུས་ལ་བརྟེན་པས་ཁོང་ཚོའི་སྐྱེལ་འདྲེན་རུ་ཁག་གི་ཚོང་རིམ་བཞིན་ཡག་ཏུ་ཕྱིན་ཡོད།

    ས་གནས་དེ་གའི་འཛུགས་སྐྲུན་ལ་གཞོགས་འདེགས་བྱ་ཆེད། རྡོ་རྗེ་བསྟན་འཛིན་གྱིས་འཕྲུལ་ཆས་བོགས་གཏོང་ཀུང་སི་ཞིག་ཐོ་འགོད་བྱས་ནས་བཙུགས་ཏེ། སྔོག་འཕྲུལ་དང་འཁོར་འདེགས་འཕྲུལ་འཁོར་སོགས་འཕྲུལ་ཆས་ཆེ་གྲས་ཉོས་ཤིང་། རྡོ་རྗེ་བསྟན་འཛིན་གྱིས་མིག་སྔར་ཀུང་སིར་རླངས་འཁོར་བདུན་བརྒྱད་ཡོད་པ་མ་ཟད། ད་དུང་ཡུལ་མིར་གློག་གི་ཚ་ལ་རྒྱག་ཆས་དང་གཅོད་འབྲེག་འཕྲུལ་འཁོར་སོགས་སྒྲིག་ཆས་ཆུང་གྲས་རིན་པ་མི་དགོས་པར་མཁོ་འདོན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    གཅེན་པོ་བསྟན་འཛིན་རྒྱ་མཚོ་ལ་ད་དུང་དམིགས་བསལ་གྱི་ཐོབ་ཐང་ཞིག་ཡོད་པ་སྟེ། ཕ་ཡུལ་གྱི“སྤྲིན་ཚོམ་མགྲིན་ཚབ་པ”ཡིན་ཞིང་། 2023ལོར་ཁོང་གིས་འབྲེལ་ལམ་སྨྱན་སྦྱོར་ཐོག་རང་ཉིད་ཀྱི་ཕ་ཡུལ་ངོ་སྤྲོད་བྱེད་འགོ་བརྩམས། ཁོང་གིས་བརྙན་ཐུང་བརྒྱུད་ལེགས་པོ་རོང་གི་ཇ་དེ་བས་མང་བ་རི་ཁུག་ནས་རྒྱལ་ཡོངས་སུ་ཁྱབ་པར་བྱས་པ་མ་ཟད། མོན་པ་རིགས་ཀྱི་རིག་གནས་ཀྱང་མི་མང་པོས་ཤེས་རྟོགས་ཐུབ་པར་བྱས་ཡོད།

    སླད་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཡུང་ཧུའེ་ཡིས། སླད་ཤང་གི་གནམ་གཤིས་དེ་ཇ་ལོ་འདེབས་པར་ཧ་ཅང་འཚམ་པོ་ཡོད། 2013ལོར་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས“ལེགས་པོའི་བྱིན་ལྡན་ཇ”སོགས་ཇ་ལོའི་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། སླད་ཤང་དུ་ད་ཆ་འཐུ་ཆོག་ཆོག་གི་ཇ་ཞིང་མུའུ་210ཡོད་པ་དང་། 2025ལོར་ཇ་ལོ་བཙོངས་པའི་སྤྱིའི་ཡོང་འབབ་སྒོར་ཁྲི་490ལྷག་ཙམ་ཟིན་ཡོད། “མང་ཚོགས་ཀྱིས་ས་ཞིང་མཉམ་ལས་ཁང་ལ་བོགས་མར་བཏང་ཚེ་ས་ཞིང་གི་བོགས་དངུལ་ཡོད་པ་མ་ཟད། ད་དུང་ཇ་རར་ལས་ཀ་བྱས་ནས་གླ་ཆ་ལེན་རྒྱུ་ཡོད་པས། ལོ་མཇུག་ཏུ་མི་རེར་ཉུང་མཐར་ཡང་བགོ་འགྲེམས་སྒོར་5000རག་གི་ཡོད”ཅེས་བཤད།

    ས་སྲོས་སུ་སླད་ཤང་གི་མང་ཚོགས་ཚོས་ཐང་ཆེན་དུ་མེ་ཕུང་སྤར་ནས་མོན་པ་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒོར་གཞས་འཁྲབ་ཀྱི་ཡོད། མེ་ཕུང་གི་མཐའ་རུ་མི་རྣམས་ཀྱི་ངོ་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བཞིན་ཡོད་ལ། གར་སྟབས་ལིང་ལིང་ཁྲོད་ཁོང་ཚོ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།