དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཝང་ཧུའུ་ཉིང་གིས་སི་ཁྲོན་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    ​ཀྲུང་གོའི་ལུཌ་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ནུས་སེམས་གཅིག་སྒྲིལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་མི་རིགས་ཆོས་ལུཌ་ལས་དོན་ཡག་པོ་སྒྲུབ་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-19

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཟླ་10ཚེས་13ནས་ཚེས་16ཉིན་བར་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དང་། ཏེ་དབྱང་གྲོང་ཁྱེར། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བཅས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་མངོན་འགྱུར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ནུས་སེམས་གཅིག་སྒྲིལ་བྱ་རྒྱུར་དམིགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པའི་ལས་དོན་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། མི་རིགས་འཆམ་མཐུན་དང་། ཆོས་ལུགས་ཞི་དུལ། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཧུའུ་ཉིང་གིས་སློབ་གྲྭ་ཆེ་འབྲིང་དང་། ཁྲོམ་གཞུང་སྡེ་ཁུལ། རིག་རྫས་འགྲེམས་ཁང་སོགས་སུ་ཕེབས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད། མི་རིགས་ས་ཁུལ་གྱི་སློབ་གསོའི་རོགས་སྐྲུན་མཉམ་ལས་དང་རིག་དངོས་སྲུང་སྐྱོང་བེད་སྤྱོད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དང་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་གཏོད་བྱེད་པ་དང་། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་གྱི་བླང་བྱ་དག་དཔལ་འབྱོར་དང་། སློབ་གསོ། ལས་ཞུགས། སྡེ་ཁུལ་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་སོགས་ཕྱོགས་ཁག་ཏུ་དོན་འཁྱོལ་དང་གཞི་རིམ་ཏང་འཛུགས་སྐྱོང་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་ཐབས་ལམ་སྤྱད་དེ་མི་རིགས་ཀྱི་ལས་དོན་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཁྲིམས་ལྟར་སྲུང་སྐྱོང་དང་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་སྣེ་མང་གཞི་གཅིག་གི་རྣམ་པ་མངོན་པར་བྱེད་དགོས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཧུའུ་ཉིང་གིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་འཚམས་འདྲི་གནང་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཕན་ཚུན་མཉམ་འདྲེས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཧུའུ་ཉིང་གིས་སི་ཁྲོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་གསེར་རྟ་རྫོང་སྲིད་གྲོས་ལས་ཁུངས་སུ་ཕེབས་ནས་སྲིད་གྲོས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མིར་གཟིགས་ཤིང་། ཁོང་གིས། ཏང་གིས་མི་དམངས་སྲིད་གྲོས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་པ་དང“གཅིག་སྒྲིལ་བཞི”ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

    ལི་ཀན་ཅེ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།