“དམིགས་ཚད་མཐོ་པོ་དང་རྒྱང་རིང་པོ་དགོས་ལ་ངང་རྒྱུད་དང་ངེས་ཤུགས་དེ་བས་ཀྱང་ཡོད་དགོས”
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཝུའུ་ལན་ཁྲ་པུ་རུ་རྟོག་ཞིབ་གནང་བའི་སྐོར་གྱི་དངོས་བྲིས།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཞའོ་སུང་། ཀྲུའུ་ཅི་ཁྲའེ། འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཧུའུ་ཙེ་ཤིས།
ཟླ་10ཚེས་16ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ནང་སོག་ཏུ་རྟོག་ཞིབ་གནང་བར་ཕེབས་ཐེངས་བཞི་པ་དེ་རེད།
ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པ་དང་། སང་ལོ་ནི་ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་80འཁོར་བའི་ལོ་རེད། ཀྲུང་ཧྭའི་ས་གཞི་ཆེན་པོར་རིམ་བཞིན་མངོན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆགས་རི་མོའི་ཁྲོད“མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་མཛེས་ལྗོངས་ཁུལ”ད་ཆ་དེ་བས་བཀྲག་མདངས་འཚེར་བར་གྱུར་ཡོད།
ལོ་གསུམ་གོང་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་མཛུབ་ཁྲིད་གསལ་པོ་གནང་ཞིང་། གལ་ཆེ་ཤོས་ནི“ཏང་ཀྲུང་དབྱང་གིས་ནང་སོག་ལ་འཛིན་པའི་འཐབ་ཇུས་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱས་ནས” “སྲུང་བཅད་གཉིས”དང་། “རྟེན་གཞི་གཉིས” “ཟམ་སྣེའི་བཙན་རྫོང་གཅིག”བཅས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུ་དེ་རེད།
ད་ཐེངས་ཀྱི་རྟོག་ཞིབ་ས་ཚིགས་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲུང་བཅད་གཉིས”ཀྱི་གྲས་ཤིག་ཡིན་པའི“རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན”ལ་དོ་ཁུར་གནང་ཡོད།
ཚེས་16ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲ་ཧར་ཡིའུ་དབྱི་ཆན་ཆིར་ཆགས་པའི་ཧོང་ཆི་ཧའེ་མཚོ་འགྲམ་དུ་ཕེབས།
མཚོ་དེ་ནི་ཆུ་བོ་11འདུས་ནས་གྲུབ་པའི་སྐམ་སའི་དབུས་ཀྱི་འཁྱིལ་མཚོ་ཞིག་ཡིན་པ་དང་། དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་རྗེས་སུ་ཐན་སྐྱོན་དང་ཆར་ཆུ་ཉུང་བའི་རྐྱེན་གྱིས་ཧོང་ཆི་ཧའེ་མཚོ་སྐབས་ཤིག་རིང་སྐམ་གྲབས་བྱས། ལོ་མང་རིང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད་ཆུ་ངོས་ཀྱི་རྒྱ་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་ཡོད།
འགྲེམས་པང་ཐོག་ཏུ་ལོ་20ཡི་གོང་གི་མཚོ་སྐམ་ནས་མཚོ་མཐིལ་མཐོང་བ་དང་ད་ཆའི་ཡངས་ཤིང་རྒྱ་ཆེ་བའི་བཻཌཱུརྱའི་མདོག་ལྟར་སྔོ་བའི་མཚོ་མོ་གཉིས་བསྡུར་བ་བྱས་པའི་པར་རིས་ཡོད་ལ། དུས་རབས་གོང་མའི་ལོ་རབས་40པ་ནས་ད་བར་གྱི་མཚོ་ངོས་ཀྱི་རྒྱ་ཁྱོན་འགྱུར་ལྡོག་བྱུང་བའི་པར་རིས་ཀྱང་ཡོད།
ས་གནས་དེ་གའི་འགན་འཁུར་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྲུང་སྐྱོང་ཁུལ་ལེགས་སྒྲིག་དབྱེ་འབྱེད་གཏན་འབེབས་དང་། མཚོ་མོའི་ཆུ་ལམ་གཤོང་བ། སྲུང་སྐྱོང་ཁུལ་ནང་གི་གསོ་ཚགས་དང་ཞིང་ལས་ཀྱི་སྦགས་བཙོག་འགོག་བཅོས། རྩྭ་གསོ་ནགས་བཟོ་དང་སྔོ་ལྗང་མང་དུ་གཏོང་བ་སོགས་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་པ་བརྒྱུད། ཧོང་ཆི་ཧའེ་མཚོ་བཅོས་སྐྱོང་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ནས་ཟླ་གོང་མའི་ཟླ་མཇུག་ཏུ་མཚོ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་85ཟིན་ཡོད་ལ། “ལྷག་པར་དུ་ན་ནིང་ཟླ་5པར་ཉ་རིགས་སླར་ཡང་མང་དུ་ཕྱིན་པ་ང་ཚོས་ལྟ་ཞིབ་ཚད་ལེན་ཐུབ་བྱུང་། དེ་ཐོག་ནས་ཧོང་ཆི་ཧའེ་མཚོ་ཡི་རང་ངོས་གཙང་བཟོ་དང་ཆུའི་སྐྱེ་ཁམས་ཀྱི་འཁོར་རྒྱུག་མ་ལག་ནུས་པ་རིམ་བཞིན་སླར་གསོ་བྱུང་བ་གསལ་བཤད་བྱེད་ཐུབ”ཅེས་སྙན་སེང་ཞུས་པ་རེད།
རང་བྱུང་ཁམས་ཀྱི་ཆོས་ཉིད་དང་བསྟུན་ནས་བྱ་དངོས་མཐའ་དག་སྐྱོང་བ་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྩོད་སྒྲུབ་རིག་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འདམ་ར་སྲུང་སྐྱོང་བྱེད་པ་དེ་གདོད་མའི་རྣམ་པ་རྒྱུན་འཁྱོངས་ཡོང་བར་ཐུག་ཡོད། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱེད་དགོས་པ”དང་། “ཞན་འགྱུར་གྱི་འདམ་རའི་སྐྱེ་ཁམས་མ་ལག་ལ་རང་བྱུང་སླར་གསོ་གཙོ་བོར་འཛིན་པ་དང་མི་ཐབས་ཐེ་ཇུས་འདེགས་སྐྱོར་ཕལ་པར་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་སླར་གསོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མེས་རྒྱལ་བྱང་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ནི་ཁ་འབྲལ་ཐབས་མེད་པའི་མ་ལག་ཅིག་ཡིན་པ་ཐུགས་ལ་བཅངས་ཡོད།
2021ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་མ་ལག་བཅོས་སྐྱོང་སྤྱི་འདོམས་བྱེད་དགོས། འདིར‘བྱེ་མ’ཞེས་པ་སྣོན་ཡོད”ཅེས་གསུངས་པ་དེས་སྐྱེ་ཁམས་བཅོས་སྐྱོང་མ་ལག་གི་ཕྱོགས་ཡོངས་མངོན་ཡོད།
ལོ་གསུམ་སོང་རྗེས་ཕན་འབྲས་གང་འདྲ་ཐོན་ཡོད་དམ།
འགྲེམས་པང་གཞན་ཞིག་གི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་ཁུར་ཆེན་པོ་གནང་བའི་ནང་སོག་གི“མཚེའུ་གཅིག་དང་མཚོ་གཉིས”བཅོས་སྐྱོང་བྱས་པའི་སྔ་རྗེས་བསྡུར་བའི་པར་རིས་དང་ད་དུང་ཁུའུ་པུའུ་ཆི་བྱེ་ཐང་དང་། ཁོར་ཆིན་བྱེ་ས། པ་ཏན་ཅི་ལིན་བྱེ་ཐང་། མའོ་ཝུའུ་སུའུ་བྱེ་ཐང་སོགས“བྱང་གསུམ”ལས་གྲྭའི་གཙོ་གནད་རྣམ་གྲངས་བཅོས་སྐྱོང་བྱེད་པ་བསྡུར་བའི་པར་རིས་རེ་རེ་བཞིན་བཤམས་ཡོད་པ་རེད།
རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཐད་ཀར་གྲངས་གཞི་དྲངས་ནས་བརྗོད་དོན། 2023ལོ་ཚུན་རིམ་རྩིས་བརྒྱབ་ན་སྐྱེ་ཁམས་མུའུ་དུང་ཕྱུར་1.3འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དེ“བྱང་གསུམ”ལས་གྲྭའི་དུས་ཐེངས་གོང་མ་ལྔའི་ལོ་40ལྷག་ཙམ་ནང་ལེགས་གྲུབ་ཟིན་ཚད་ཀྱི་85%དང་ཧ་ལམ་མཚུངས་ཀྱི་ཡོད། ལྗོངས་ཡོངས་སུ་དུས་ཡུན་རིང་པོའི་ནང་ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1ལས་ཆེ་བའི་མཚོ་428ཡོད་པ་དང་མཚོ་ངོགས་སུ་འདབ་ཆགས་2021ལོ་ལས་རིགས་94མང་དུ་ཕྱིན་ཏེ་སྟོངས་ནས་ལོ་མང་སོང་བའི་ཡུལ་དེ་རང་གི་ཉ་རིགས་ཏའེ་ཧའེ་དང་ཧོང་ཆི་ཧའེ་སོགས་མཚོའི་ནང་སླར་ཡང་མཐོང་རྒྱུ་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ནང་སོག་གིས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པར་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ལོ་འདི་དག་ནང་ཁྱེད་ཚོས་སྤྱིའི་འཆར་འགོད་ལ་ཚད་མཐོའི་མཐོང་ཆེན་དང་རྒྱུན་སྲིང་ལྷོད་མེད་ཀྱིས་ལས་དོན་དེ་བསྒྲུབས་པར་ཕན་འབྲས་ཐོན་ཡོད”ཅེས་གསུངས།
ཆུ་བཅོས་པ་ནས་སྐྱེ་ཁམས་མ་ལག་ཧྲིལ་པོ་བཅོས་སྐྱོང་བྱེད་པའི་སྐོར་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བྱེ་མ་འཇགས་ཐབས་བྱེད་པའི་ཁྱེད་ཚོའི་ལས་འགན་ལྕི་པོ་ཡོད་པས་སྙིང་རུང་གཏན་འཁྱོངས་ཀྱིས་སྔོ་འགྱུར་ཡོང་བའི་བརྩོན་ལེན་བྱེད་དགོས། རྩྭ་ཐང་སྲུང་སྐྱོང་བྱེད་དགོས། ཁྱེད་ཚོའི་འདི་གར་འབྲོག་ལས་འཕེལ་རྒྱས་གཏོང་བར་ཕྱུགས་རིགས་འཚོས་དྲགས་པའི་གནད་དོན་ཐག་གཅོད་བྱེད་དགོས”ཞེས་གསུངས།
འཕེལ་རྒྱས་དང་སྲུང་སྐྱོང་གི་རྩོད་སྒྲུབ་གཅིག་གྱུར་གྱི་ཐོག་ནས་བལྟས་ན། འདུ་ཤེས་ལ་འགྱུར་བ་བྱུང་ཚེ་ལམ་བུའང་ཡངས་སུ་འགྲོ་ངེས་རེད། “ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྡན་དགོས་ངེས་ཀྱི་ནང་དོན་ཞིག་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་བྱས་ཏེ་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས”
ཆ་ཤས་དང་སྤྱི་ཡོངས་ནས་བལྟས་ན། སྤྱི་ཡོངས་ལ་སྟངས་འཛིན་ཐུབ་ཚེ་ཆ་ཤས་ལའང་ལྟ་རྟོག་བྱེད་ཐུབ། “མདོར་ན། སྤྱི་ཡོངས་ནས་ནང་སོག་གི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་ལ་ལྟ་དགོས། དེ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་པས་ལེཌ་པར་བསྒྲུབས་ན་རྒྱལ་ཁབ་སྤྱི་ཡོངས་ལ་ཕན་ཐོགས་ཡོད་ལ་ཁྱེད་ཚོར་ཡང་ཕན་ཐོཌ་ཡོད”
གྲངས་རིག་ཅན་གྱི་དུས་རབས་སུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ལ་འཕོ་འགྱུར་ཟབ་མོ་འབྱུང་བཞིན་ཡོད། དེ་གའི་འཛད་མཐའ་མེད་པའི“རླུང་ནུས”དང“ཉི་ནུས”ལ་བརྟེན་ནས་གློག་རྒྱུན་ཆད་མེད་པར་བཏང་སྟེ། དེ་དག་རྩིས་ནུས་ལ་སྐུལ་འདེད་གཏོང་བའི“ལྗང་མདོག་སྒུལ་ཤུགས”སུ་གྱུར་ཡོད།
ད་ཐེངས་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུའུ་ལན་ཁྲ་པུ་ཁྲ་ཧར་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་ཕེབས་ནས། “ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་ཁག་གཅིག་ནང་ཀྲུང་གོ་དེ་ཉིད་མཉམ་རྒྱུག་དང་ཐ་ན་མདུན་གྲལ་དུ་སླེབས་ཀྱི་ཡོད། རྩིས་ནུས་ཐོན་ལས་ནི་དེའི་ནང་གི་གྲས་ཤིག་རེད”ཅེས་གསུངས།
དུས་རབས་ཀྱི་རྗེས་སུ་དམ་པོར་སྙེག་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་ལས་མངོན་པ་ནི་དུས་གནས་རྟོགས་དཔྱོད་ཀྱི་འཐབ་ཇུས་ཀྱི་མིག་རྒྱང་རིང་པོ་དེ་རེད།
ན་ནིང་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད། ད་ལོའི་ཟླ་4པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ལུགས་བཏོན་གནང་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པ་དང“རྩིས་ནུས་དྲ་བ”ཚུད་པའི“དྲ་བ་དྲུག”འཛུགས་སྐྲུན་བྱ་རྒྱུ་དེ་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་གྱི་སྤྱི་ཡོངས་ནང་བཅུག་ཡོད། མི་རིང་བའི་གོང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བ་འཛུགས་པར་སྐུལ་འདེད་བཏང་སྟེ་རྩིས་ནུས་དང་། རྩི་ཐབས། གཞི་གྲངས་སོགས་ནུས་ཆེའི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བཀོད་སྒྲིག་ཁ་གསལ་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “འཕེལ་རྒྱས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད་པ་དེ་ལས་འབྱུང་འགྱུར་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད”ཅེས་ནང་སོག་དང་ཝུའུ་ལན་ཁྲ་པུའི་ལྗང་མདོག་རྩིས་ནུས་ཐོན་ལས་ལ་ཁས་ལེན་གནང་ཞིང་། ཁོང་གིས“ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཧུར་ཐག་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་རྩིས་ནུས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་སྒྱུར་དགོས”ཞེས་ནན་བཤད་གནང་བ་རེད།
ནུས་རྒྱུ་དང་ཆུ་གྲོན་ཆུང་བྱ་རྒྱུ་ནི་གཙོ་གནད་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་ནུས་ལྟེ་གནས་རྣམ་གྲངས་ཀྱི་ངོས་མཉམ་བཀོད་སྒྲིག་པར་རིས་དང་། གཞི་གཅིག་ཅན་གྱི་འདུས་གྲུབ་གྲང་ཚིགས་དཔེ་དབྱིབས། རིག་ནུས་གློག་ཤུགས་མ་ལག་དཔེ་དབྱིབས་བཅས་ལ་རེ་རེ་བཞིན་གཟིགས་ཞིབ་གནང་བ་དང་། རྩིས་ནུས་ལྟེ་གནས་ཀྱི་གློག་ནུས་བེད་སྤྱོད་ཀྱི་ཕན་འབྲས་དང་ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་གནང་བ་དང་འབྲེལ་ཡོད་ཞིབ་ཆར་བཀའ་འདྲི་ཡང་ཡང་གནང་བ་རེད།
རྒྱལ་ཡོངས་ས་གནས་ཁག་གི་ཐོན་ཁུངས་ཀྱི་ལེགས་ཆ་མི་འདྲ་བས། ཡུལ་བབ་དང་བསྟུན་པ་དང་དགེ་སྤེལ་སྐྱོན་སྤང་བྱས་ཚེ་གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུན་མཐུད་ཤུགས་རྒྱག་ས་འཚོལ་ཐུབ། དེའི་བརྒྱུད་རིམ་ནང་ཞིབ་དཔྱད་བྱེད་པ་ནི་འཕེལ་རྒྱས་ཀྱི་ལྟ་བ་རེད་ལ་སྲིད་དོན་ལས་རྗེས་ལྟ་བ་ཡང་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་གྱིས“ད་ལྟ་སྔོན་ཐོན་ཐོན་ལས་ཆེ་གྲས་འགའ་ཚུད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་ངས་སེམས་ཁྲལ་ཆེ་ཤོས་བྱེད་པ་ནི་གོ་རིམ་མེད་པར་འཕེལ་རྒྱས་གཏོང་བ་དང་། ཧོབ་སྟེ་འགོ་ཚུགས་པ་དང་ཡང་ཧོབ་སྟེ་ཁ་འཐོར་བ་དེ་རེད། དེ་ལྟར་བྱས་ན་ཧུར་སེམས་དེ་བས་ཉམས་ངེས་རེད། དེ་མིན་ད་དུང‘ནང་རྨུག’གི་གནད་དོན་ཏེ། རྨོངས་ཚོད་ཀྱིས་འགྲན་རྩོད་བྱེད་པ་ལས་རང་ཉིད་ཀྱི་ཆ་རྐྱེན་ལ་མི་ལྟ་བར་འཕེལ་རྒྱས་གཏོང་བ་དེ་རེད”ཅེས་གསུངས།
ཐོན་ལས་འཕེལ་རྒྱས་གཏོང་བར་ཤེས་ལྡན་པ་ནི་ཐོན་ཁུངས་དང་པོ་ཡིན། ཝུའུ་ལན་ཁྲ་པུ་ཡིས་ལྗང་མདོག་རྩིས་ནུས་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་། སློབ་རྒྱུས་ཀྱི་སློབ་གསོ་དང་སྤྱི་ཚོགས་ཀྱི་གསོ་སྦྱོང་ཕན་ཚུན་གསབ་རེས་ཀྱི་བྱེད་ཐབས་སྤྱད་པས་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་པ་གསོ་སྐྱོང་གི་མ་ལག་ཅིག་རིམ་བཞིན་ཆགས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་ནུས་ལྟེ་གནས་ཀྱི་ལས་དོན་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས“དམིགས་ཚད་མཐོ་པོ་དང་རྒྱང་རིང་པོ་དགོས་ལ་ངང་རྒྱུད་དང་ངེས་ཤུགས་དེ་བས་ཀྱང་ཡོད་དགོས། དམར་དམག་རྒྱང་སྐྱོད་དང་འདྲ་བར་ང་ཚོས་ད་ཆ་རྒྱང་སྐྱོད་གསར་པ་བྱེད་བཞིན་ཡོད། ཁྱེད་ཚོ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གྱི་དཔུང་ཁག་ཆེན་པོ་ཞིག་རེད། ཁྱེད་ཚོས་ལེགས་སྐྱེས་ཕུལ་བར་རྟེན་འབྲེལ་ཞུ་རྒྱུ་མ་ཟད། ཁྱེད་ཚོས་ད་དུང་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་པའི་རེ་སྒུག་ཀྱང་བྱེད་ཀྱི་ཡིན”ཞེས་གསུངས།
འབྲེལ་ཡོད་གསར་འགྱུར།