དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་སྟོང་སྐོར་རྫོང་གི་གཞི་རིམ་ལས་བྱེད་པས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ལས་ལ་དམ་འཛིན་ཏན་ཏིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་།   |     སྤེལ་དུས།  2026-10-18

    ཉི་ཟླ་རི་བོ་ནི་མཚོ་སྔོན་གྱི་ས་ཁམས་གནས་རྟགས་གལ་ཆེན་ཞིག་རེད། ཉི་ཟླ་རི་བོ་བརྒྱུད་ནུབ་ནས་ཤར་དུ་སྐྱོད་སྐབས་ཉི་ཟླ་བོད་རིགས་ཤང་དང་། ཧོ་ཕིང་ཤང་། ཏུང་ཞ་ཤང་བཅས་ནས་གསར་འགོད་པར་ན་གཞོན་ལས་བྱེད་པ་3སྔ་རྗེས་སུ་འཕྲད་བྱུང་། ཁོང་ཚོས་སྐྱེ་ཁམས་ཀྱི་མ་མཐའི་མཚམས་ཐིག་བརྟན་པོར་བསྲུངས་ནས་ལྗང་མདོག་འཕེལ་རྒྱས་མགྱོགས་སུ་གཏོང་བའམ་ཡང་ན་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་སྒར་རྒྱག་རྣམ་གྲངས་གཉེར་བའམ་ཡང་ན་ཁྲོམ་རའི་ཆོས་ཉིད་དང་བསྟུན་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བཞིན་ཡོད།

    གྲོང་གསེབ་ཀྱི་ཐོན་ལས་རྣམ་གྲངས་རེ་རེ་བཞིན་གོང་འཕེལ་གཏོང་བ་ནི་གཞི་རིམ་ལས་བྱེད་པར་གནད་དོན་འཕྲད་པ་དང་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཞིག་རེད་ལ། ཡུལ་བབ་དང་བསྟུན་ཞིང་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པའི་བརྒྱུད་རིམ་ཞིག་ཀྱང་རེད།

    རྩྭ་ར་ཞིག་ལས་སྐྱེ་ཁམས་སྔོན་འཇོག་གི་འདུ་ཤེས་བརྟན་པོ་མངོན་པ།

    མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་ཉི་ཟླ་ཤང་ནི་སྟོང་སྐོར་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲའོ་ཧའེ་ཀྲེན་གྱིས་སེམས་ཁྲལ་ཆེན་པོ་བྱེད་ས་ཞིག་རེད།

    དེ་སྔ་ཀྲའོ་ཧའེ་ཀྲེན་གྱིས་ཉི་ཟླ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར་མྱོང་ཡོད། ཉི་ཟླ་ཤང་གི་མང་ཚོགས་ཚོས་སྲོལ་རྒྱུན་གྱི་ཕྱུགས་རིགས་གསོ་ཚགས་ལ་བརྟེན་ནས་འཚོ་ཐབས་བྱེད་པ་དང་། དེ་གར་ཕྱུགས་རིགས་འཚོས་དྲགས་པ་ལས་བྱུང་བའི་རྩྭ་རའི་རྩོད་གཞི་མང་པོ་ཐོན་གྱི་ཡོད།

    “རྐྱེན་གཙོ་བོ་ཕྱུཌ་རིགས་འཚོས་དྲགས་པར་ཐུག་ཡོད་པ་དང་། ནོར་ལུག་གི་གྲངས་འབོར་རྩྭ་ཐང་གི་ཐེག་ནུས་ལས་བརྒལ་ཡོད”ཅེས་ཀྲའོ་ཧའེ་ཀྲེན་གྱིས་བཤད།

    2025ལོར་གནས་ཚུལ་དེར་དམིགས་ནས་ཤང་གིས་གྲོས་བསྡུར་གང་མང་བྱས་པ་རེད། ལས་བྱེད་པ་ལ་ལས་འབྲོག་པར་བསམ་བློ་བཏང་ནས“ནོར་ལུག་མང་བས་འཚོ་ས་མེད། གང་ལྟར་རང་ཉིད་ཀྱི་གྲོང་ཚོའི་རྩྭ་ར་ཡིན་པས་སྟོང་པར་བཞག་ནའང་ཆོ་མེད། ནོར་ལུག་ལ་རྩྭ་འདང་ངེས་མེད་ན་སྤྱི་པའི་རྩྭ་རར་འཚོས་ནའང་འགྲིག”ཅེས་ཤོད་པ་དང་། ཡང་ལས་བྱེད་པ་ལ་ལས“འཚོ་སྟངས་འདི་འདྲ་བྱས་ན་སྤྱི་པའི་རྩྭ་ར་མགྱོགས་པོ་ཉམས་རྒུད་དུ་འགྲོ་ངེས་རེད་ལ། ལག་ཡོད་ནོར་ལུག་མགོ་གྲངས་ཀྱང་མང་དུ་ཕྱིན་ཏེ། སྐྱེ་ཁམས་ལ་གཏོར་སྐྱོན་ཤུགས་ཆེན་ཕོག་སྲིད་པས་དེ་དུས་ཇི་ལྟར་བྱེད་དགོས་སམ”ཞེས་བཤད།

    ཀྲའོ་ཧའེ་ཀྲེན་གྱིས་བསམ་འཆར་རྗེས་མར་མོས་མཐུན་བྱས། ཁོང་གིས་ཚོགས་འདུའི་ཐོག“རྨ་སྟོད་རྫོང་ནི་དེ་སྔ་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་ལས་བརྒལ་བའི་རྫོང་ཕྱུག་པོ་ཞིག་ཡིན་པ་དང་། ཁོང་ཚོའི་འཚོ་བརྟེན་ནི་གསོ་ཚགས་ལས་རིགས་རེད། འོན་ཀྱང་སྐབས་དེ་དུས་ཀྱི་མཚོ་མོ་སྟོང་ལྡན་དུ་གྲགས་པའི་རྫོང་དེས་ཕྱུགས་འཚོས་དྲགས་པའི་རྐྱེན་གྱིས་གང་སར་ས་ནག་ཐང་དུ་གྱུར་ནས་ད་ཆའང་སླར་གསོ་བྱེད་བཞིན་ཡོད”ཅེས་བརྗོད།

    མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་རེད་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་རེད། འབྲོག་དུད་ཚོས་དང་ཐོག་ཁས་མི་ལེན་པ་ནས་ཕྱིས་ཀྱི་དང་ལེན་བྱེད་པའི་བར་དང་དེ་ནས་ན་ནིང་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་སྒོར་ཁྲི་10འཕར་བ་དང་གྲོང་ཚོའི་མཉམ་སྡེབ་ཀྱི་ཞན་འགྱུར་རྩྭ་ར་མུའུ་ཁྲི་1བཅོས་སྒྲིག་བྱས་པའི་བར། དཀའ་གནད་དེ་ཐག་གཅོད་ཐུབ་རྗེས་ཀྲའོ་ཧའེ་ཀྲེན་གྱི་མྱོང་ཚོར་ཆེ་ཤོས་ནི“ང་ཚོར་སྐྱེ་ཁམས་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། སྐྱེ་ཁམས་སྔོན་དུ་བཞག་ན་ཕན་པ་མང་པོ་ཐོབ་ངེས་ཡིན་པའི་ངོས་འཛིན་གསལ་པོ་བྱུང་། སྲིད་ཇུས་ཤིག་ཚན་རིག་དང་མཐུན་མིན་དང་སྐྱེ་ཁམས་ལས་མང་ཚོགས་ལ་ཕན་པ་ཐོབ་མིན་ལ་ངེས་པར་དུ་བསམ་གཞིག་བྱེད་དགོས”ཞེས་བརྗོད།

    བག་ལེབ་ཅིག་ནས་ལེགས་ཆར་གཞི་ཚུགས་པའི་ཕུགས་ཀྱི་བསམ་བློ་མངོན་པ།

    སྟོང་སྐོར་རྫོང་ཧོ་ཕིང་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2800ལྷག་ཙམ་ཟིན་ཞིང་། ལོ་ཤས་གོང་། ཧྭ་ཧྲི་ཧྲན་རི་བོར་དཔྱིད་དུས་རི་ཀླུང་ཀུན་ཏུ་སྟག་མའི་མེ་ཏོག་རབ་ཏུ་བཞད་པས། དེ་གར་ཡོང་མཁན་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གས་རིང་ཚད་སྤྱི་ལེ་15ཡོད་པའི་སྐྱེ་ཁམས་བར་ཁྱམས་བསྐྲུན་ཏེ་སྒར་རྒྱག་ས་12བཀོད་སྒྲིག་བྱས་ཡོད། དེ་ལས་ཆུ་འགྲམ་གྱི་གྲོང་ཚོ་4ཚང་མར་ཕན་པ་ཐོབ་པ་དང་གྲོང་ཚོའི་མཉམ་སྡེབ་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་འཕར་ཡོད།

    ད་ལོའི་ཟླ་4པར་ལེ་ཧྥ་ཞ་ཧོ་ཕིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིར་བདམས་ཤིང་། དེ་གར་སླེབས་མ་ཐག་ཁོང་གིས་འཕྲལ་མར་གྲོང་ཚོར་བརྟག་ཞིབ་བྱས། སྐྱེ་ཁམས་བར་ཁྱམས་དེ་ལོ་4ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་དེར་གནད་དོན་མི་ཉུང་བ་ཞིག་འཕྲད། ཕྱོགས་གཅིག་ནས་ཡུལ་སྐོར་བས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་ཚད་ཡག་པོ་མེད་ཚུལ་བརྗོད་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་ཚོའི་མང་ཚོགས་ཀྱིས་མཛེས་ལྗོངས་ཁུལ་དུ་མི་ཚོགས་སྟུག་ལ་འཁྲུག་ཆ་དོད་པོ་ཡོད་ཀྱང་ཡོང་འབབ་གསོག་ཐུབ་ཀྱི་མེད་ལུགས་བརྗོད།

    ལས་འགན་ཁུར་ནས་ཡུན་རིང་སོང་མེད་པའི་ལེ་ཧྥ་ཞ་ཡི་མདུན་དུ་ད་དུང་འཕེལ་རྒྱས་ཀྱི་ལམ་བུ་གཞན་ཞིག་ཡོད་པ་སྟེ། ཧོ་ཕིང་ཤང་དུ་རང་བྱུང་རྩྭ་ར་མུའུ་ཁྲི་10ལྷག་ཙམ་ཡོད་པས། ཤང་དང་གྲོང་རྡལ་མང་པོ་ཞིག་ཏུ་སྒར་རྒྱག་ས་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱེད་པ་ལས་མ་དངུལ་འབྲོག་ལས་གསོ་ཚགས་ལས་རིགས་ལ་བཏང་ན་མི་ལེགས་སམ། རྣམ་གྲངས་དེ་རིགས་ཕན་འབྲས་ཐོན་མགྱོགས་པ་དང་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པར་ཕན་འབྲས་ཡག་པོ་ཐོན་ཐུབ་ཅེས་མི་འགའ་ཞིག་གིས་ལེ་ཧྥ་ཞ་ལ་གྲོས་འགོ་འདོན་མྱོང་ཡོད།

    གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད་ཧོ་ཕིང་ཤང་ཏང་ཨུད་ཀྱིས་ལས་དོན་ཏན་ཏིག་བསྒྲུབས་ནས་སྒར་རྒྱག་རྣམ་གྲངས་མུ་མཐུད་ཡག་པོ་སྤེལ་ཏེ་མང་ཚོགས་ཀྱི་འབབ་འཕར་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་གཏན་འཁེལ་བྱས།

    ད་ཆ། ཧོ་ཕིང་ཤང་ལ་རང་ཉིད་ཀྱི“ཆུ་དཀར་ལུང་གཞུང”གི་སྲོལ་རྒྱུན་བག་ལེབ་ཡོད། ཤང་གིས་གོང་རིམ་གྱི་མ་དངུལ་སྒོར་ཁྲི་50བརྩོན་ལེན་བྱས་ནས་ལས་སྣོན་བཟོ་གྲྭ་ཆུང་གྲས་ཤིག་བཙུགས་རྗེས་བཟའ་བཅའི་རྒྱུ་ཆ་གྲོང་མི་ཚོའི་ལག་ནས་ཉོ་གི་ཡོད་པ་དང་། གྲོང་མི་ཚོར་ལས་གནས་མཁོ་འདོན་བྱས་པས་བག་ལེབ་ཀྱི་སྤུས་ཚད་སྔར་བས་བརྟན་པོ་བྱུང་ཡོད། མཚམས་རེར་སྒྱུར་བཅོས་ཆུང་ངུ་བྱས་ན་བཟོ་བཅོས་ཆེན་པོ་བྱས་པ་ལས་ཀྱང་ཡག ལེ་ཧྥ་ཞ་ཡིས“སྒར་རྒྱག་ཞིང་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་ད་ལོར་གྲོང་ཚོ་4ལ་སྔོན་དཔག་བྱས་ན་འབབ་འཕར་སྒོར་ཁྲི་30ཡོང་རེ་ཡོད”ཅེས་བཤད།

    ཇ་ལོ་ཞིག་ལས་ཁྱད་ལྡན་ཐོན་རྫས་རིམ་སྤོར་གྱི་ཁྲོམ་རའི་བསམ་ཕྱོཌ་མངོན་པ།

    ཆང་བ་ལིའི་ལོ་མའི་ཇ་ནི་ཧྥུལ་འདུས་ཚད་ཉུང་ལ་བྲོ་བ་ཐུན་མོང་མ་ཡིན་པའི་བཏུང་བྱ་ཡག་པོ་ཞིག་ཡིན་པས། ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ཡིན་ན་ཡང་། རང་སྤྱོད་ཁྱབ་ཁོངས་ལས་བརྒལ་ནས་ཚོང་ཟོག་ཅིག་ཏུ་ལས་སྣོན་བྱེད་ཐུབ་བམ། ཧུའེ་ཐིའོ་ཁོའུ་གྲོང་ཚོས་ཆང་བ་ལིའི་ལོ་མའི་ཇ་ཡི་ཐོན་ལས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་འགོ་ཚུགས།

    དང་ཐོག་མར་ཇ་བཟོ་སྟངས་སུས་ཀྱང་ཤེས་ཀྱི་མེད། འཐོག་སྐམ་སྐོལ་གསུམ་ཚང་མས་ཤེས་ཀྱང་། ཇ་བཟོའི་ལག་རྩལ་གཞི་ནས་འཚོལ་ཞིབ་བྱེད་དགོས། གོམ་སྟབས་དང་པོ་ནི་ཇ་ལོ་བརྔོ་རྒྱུ་ཡིན་ཞིང་། དེ་སྔོན་གྱི་བྱེད་ཐབས་ལྟར་བརྔོས་ན་ཇ་ལོའི་མདོག་སེར་པོ་དང་རོ་ཁ་བོར་འགྱུར་གྱི་ཡོད་པས། ཤང་གིས་ཅང་སུའུ་ནན་ཅིང་ལིའུ་ཧོ་ཆུས་ཀྱི་ཇ་ལོའི་ལག་རྩལ་བ་གདན་དྲངས་ནས་གྲོང་མི་ཚོར་མཛུབ་ཁྲིད་བྱས་ཀྱང་། ས་མཐོའི་དྲོད་ཚད་དམའ་བའི་དབང་གིས་ཆང་བ་ལིའི་ལོ་མས་ཇ་ལྗང་དང་ཇ་དཀར་བཟོ་བའི་འཆར་གཞི་སྔར་བཞིན་ལེགས་གྲུབ་བྱུང་མེད།

    སྟོང་སྐོར་རྫོང་ཏུང་ཞ་ཤང་ཧུའེ་ཐིའོ་ཁོའུ་གྲོང་ཚོར་ཏུང་ཞ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཡུས་ཤིན་གྱིས། སྐབས་དེ་དུས་ཚང་མས་ཇ་ལོ་བཟོ་བའི་ལས་ཀ་དེ་ལེགས་གྲུབ་མི་ཐུབ་བསམས་ཀྱང་། ལག་རྩལ་པས་ཕབ་བསྙལ་ཇ་བཟོའི་བྱ་ཐབས་སྤྱད་ན་མི་ཡོང་ངམ་ཞེས་གྲོས་འགོ་བཏོན་ཏེ་ཚོད་ལྟ་བྱས་མཐར། ཆང་བ་ལིའི་ཇ་དམར་ལེགས་གྲུབ་བྱུང་བས་གྲོང་མི་ཚོ་དགའ་ཚོར་ཆེན་པོ་བྱུང་ནས“ང་ཚོའི་གྲོང་ཚོའི་ཇ་སྤུས་དག་པོར་གྱུར་སོང”ཞེས་བཤད།

    “ཚོད་ལྟའི་དངོས་རྫས་ཐོན་རྫས་སུ་འགྱུར་བར་བྱ་ཆེད། ཤར་ནུབ་རྒྱུད་ཀྱི་མཉམ་ལས་མ་དངུལ་ལ་བརྟེན་པ་དང་གྲོང་ཚོའི་མཉམ་སྡེབ་ཀྱིས་སྣེ་ཁྲིད་དེ་སྟོང་སྐོར་རྡོ་མཁར་ཞའོ་ཅང་ནན་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་ཐོན་སྐྱེད་སྒྲིག་ཆས་ཉོས་ཤིང་། ཀུང་སིས་ཞིང་དུད་སྒྲིག་འཛུགས་བྱས་ནས་ལོ་མ་འཐོག་པ་དང་ལས་སྣོན་བྱེད་ཀྱི་ཡོད་པ་རེད།

    ལས་སྣོན་བཟོ་གྲྭ་དང་མཉམ་ལས་ལམ་སྲོལ་བཙུགས་རྗེས་ལོ་ཤས་བསྟུད་མར་ཆང་བ་ལིའི་ལོ་མའི་ཇ་རྒྱ་མ་100ཁྲོམ་རར་མ་བཏོན་གོང་རོགས་སྐྱོར་ཚན་པ་ཁག་གིས་ཚང་མ་ཉོས་ཚར་གྱི་ཡོད། ཡིན་ན་ཡང་ཇ་ལོ་རྒྱ་མ་100གཞི་ཁྱོན་ཅན་གྱི་མཁོ་འདོན་གྱི་ཚད་དུ་རྦད་དེ་སླེབས་མེད།

    དེར་བརྟེན། མི་ཐབས་ལ་བརྟེན་ནས་ཆང་བ་ལི་འདེབས་འཛུགས་བྱ་རྒྱུའི་ཐག་བཅད། ཆང་བ་ལིའི་སྡོང་ཕྲུག་ཚོད་འདེབས་བྱས་པ་བརྒྱུད། ཧུའེ་ཐིའོ་ཁོའུ་གྲོང་ཚོས་མུའུ་40ཡོད་པའི་རི་རྒོད་ཐང་རྒོད་དུ་ཆང་བ་ལི་འདེབས་འཛུགས་རྟེན་གཞི་བསྐྲུན། “ཐོན་འབབ་འཕར་ཚེ་ཐོན་ལས་དང་ཐོན་རྫས་ཀྱི་གདམ་ག་ཡང་མང་དུ་འགྲོ་ཐུབ” ཆང་བ་ལིའི་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱེད་པའི་གོམ་སྟབས་མུ་མཐུད་སྤོ་བཞིན་ཡོད་ཅེས་མཱ་ཡུས་ཤིན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།