ཐུན་མོང་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་པ།
——གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་ལོ་5སོང་བར་ཕྱིར་དྲན་དང་རྒྱང་ལྟ་བྱས་པ།
འཕེལ་རྒྱས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཡུན་གནས་ཀྱི་བརྗོད་དོན་གཙོ་བོ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་སྣ་ཚོགས་སེལ་བའི་ཐབས་ཤེས་གཙོ་བོ་ཞིག་རེད།
2021ལོའི་ཟླ་9ཚེས་21ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་དོན་དྲུག་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་གཟབ་ནན་ངང་བཏོན་གནང་སྟེ། དཀའ་གནས་སུ་གྱར་བའི་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་བྱ་གཞག་ལ་བརྒྱུད་རིམ་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་དང་། དྲོད་འཁོལ་དང་ཤུགས་ཚད་ལྡན་པའི་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད།
ལོ་5ཡི་རིང་། ཀྲུང་གོས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་དེ་འདུ་ཤེས་དང་འདོད་ཚུལ་ནས་གྲུབ་འབྲས་སུ་འགྱུར་བ་དང་ཀྲུང་གོའི་གྲོས་འགོ་ནས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་དུ་འགྱུར་བར་སྐུལ་འདེད་བཏང་ནས། འཕོ་འགྱུར་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་ཧ་ཅང་དཀོན་པའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཤིག་བསྣན་ཡོད།
(གཅིག)
གོ་ལ་ཧྲིལ་པོར་རྒྱང་ལྟ་བྱེད་སྐབས་ས་འབྲེལ་གདོང་གཏུག་ཡང་ཡང་ཐོན་པ་དང་། ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་བཀྱག་འགོ་ཚུགས་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཆུང་དུ་སོང་ནས་འཕེལ་རྒྱས་དོ་སྙོམས་མེད་པ་དང་། བཅོས་སྐྱོང་བྱེད་ནུས་ཤོར་བ། གཞུང་དྲང་མ་བྱུང་བ་བཅས་ཀྱི་གནད་དོན་ཇི་ཙམ་ཐོན་པ་དེ་ཙམ་གྱིས་མངོན་གསལ་དོད་དུ་ཕྱིན་ཡོད།
ཡུན་རིང་མ་སོང་གོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2026ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་སྙན་ཞུ》ནས་མངོན་པར། བསྡུར་བ་བྱེད་ཆོག་པའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་139ཡི་ཁྲོད་ཀྱི་36%འཕེལ་རྒྱས་བདེ་བླག་བྱུང་བ་དང་། ཕྱེད་ཀ་ཙམ་འཕེལ་རྒྱས་འགྲོ་འགོར་པོ་བྱུང་བ། དམིགས་ཚད་15%ཐ་ན་ཕྱིར་བཤོལ་སོང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དེ་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་པ་དང་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་བྱ་གཞག་ལ་འགྲན་སློང་དྲག་པོ་འཕྲད་ཡོད།
ཉེན་ཁ་དང་འགྲན་སློང་ཇི་ཙམ་ཆེ་རུ་ཕྱིན་ན་འཕེལ་རྒྱས་སྔོན་ལ་གཏོང་དགོས་པའི་ཕྱོགས་སྟོན་དེ་ཙམ་གྱིས་བརྟན་པོར་སྲུང་དགོས། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་དཀའ་གནད་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་རང་བཞིན་གྱི་ཇུས་གཞི་ཡིན་པའི་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་དེས་གོ་ལ་ཧྲིལ་པོ་འཕེལ་རྒྱས་བཅོས་སྐྱོང་གི་གྲུབ་ཆའི་རང་བཞིན་གྱི་ཞན་ཆར་ཐད་ཀར་དམིགས་ཏེ། འཕེལ་རྒྱས་སྔོན་ལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཀུན་ཕན་བསྟུན་མཁས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གསར་གཏོད་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བྱ་སྤྱོད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་ཀྱི“མཐའ་འཁྱོངས་དྲུག”གི་འདུ་ཤེས་བཏོན་པ་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལག་ལེན་ཐབས་ལམ་རྒྱ་ཆེ་རུ་དང་གོ་ལ་ཧྲིལ་པོ་འཕེལ་རྒྱས་བཅོས་སྐྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་བྱ་གཞག་ལ་རྩ་བའི་ཐོག་ནས་སྒྱུར་བཅོས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་མཐུན་རྐྱེན་སྦྱར་ཡོད།
(གཉིས)
འདུ་ཤེས་ལ་སྐྱེ་སྟོབས་ལྡན་མིན་དོན་འཁྱོལ་ལ་ཐུག་པ་དང་ཐུན་མོང་ངོས་འཛིན་ལ་རིན་ཐང་ཡོད་མེད་ལག་ལེན་ལ་ཐུག་ཡོད།
ལོ་5ཡི་རིང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོས་དངོས་སྒྲུབ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མཉམ་ལས་ལམ་སྲོལ་ཟམ་མི་ཆད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕེལ་རྒྱས་སྔོན་ལ་གཏོང་བའི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་གཅིག་སྡུད་བཅས་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དེ་དོ་སྙོམས་དང་། མཐུན་སྦྱོར། བསྟུན་མཁས་བཅས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།
ད་ཆ་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོའི“གྲོགས་ཚོགས”ཀྱི་གཞི་རྒྱ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཀྲུང་གོས་ལོ་4བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་རིང་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོའི་རིམ་མཐོའི་ཚོགས་འདུ་འཚོགས་པ་དང་གོ་ལ་ཧྲིལ་པོ་མཉམ་སྤྱོད་འཕེལ་རྒྱས་ཀྱི་བྱ་སྤྱོད་ལ་གླེང་སྟེགས་བཙུགས་ནས་སྲིད་ཇུས་སྐོར་ལ་སྐད་ཆ་ཤོད་རེས་དང་འདུ་ཤེས་སྐོར་ལ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་130ལྷག་ཙམ་གྱིས་གྲོས་འགོ་དེར་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་འབྲེལ་དེའི་ནང་རྒྱ་ཁྱབ་ངང་ཞུགས་ཤིང་། རྒྱལ་ཁབ་88“གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང”ནང་དངོས་སུ་ཞུགས་པ། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་གྲོས་འདོན་སྐུལ་སྤེལ་ལས་དོན་ཚོགས་ཆུང་གིས་འཕེལ་རྒྱས་སྒྲིག་གཞི་20ལྷག་ཙམ་དེའི་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་ཀྲུང་གོ་ཕྱོགས་ཀྱིས་ད་དུང་མཉམ་ལས་ལམ་སྲོལ་དང་ལས་སྟེགས་30ལྷག་ཙམ་འཛུགས་རྒྱུའི་གྲོས་འགོ་བཏོན་ཡོད། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཐེབས་རྩ་སོགས་ཀྱི་སྐུལ་ཁྲིད་འོག རིམ་རྩིས་བརྒྱབ་ན་མ་དངུལ་ཨ་སྒོར་དུང་ཕྱུར་230ལྷག་ཙམ་སྐུལ་སློང་བྱས་པ་དང་། ཕྱོགས་ཁག་དང་མཉམ་དུ་མཉམ་ལས་རྣམ་གྲངས་2000ལྷག་ཙམ་སྤེལ་བ། རིགས་ཁག་གི་ཤེས་ལྡན་པ་ཁྲི་20ལྷག་ཙམ་གསོ་སྦྱོང་བཅས་བྱས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་རང་ཚུགས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ལོ་5ཡི་རིང་། དམངས་འཚོར་ཕན་པའི་མཉམ་ལས་རྣམ་གྲངས་རེ་རེ་བཞིན་འཛམ་གླིང་ས་གནས་ཁག་ཏུ་རྩ་བ་ཚུགས་ནས་རྒྱལ་ཁབ་120ལྷག་ཙམ་གྱི་མང་ཚོགས་དཀྱུས་མར་ཕན་པ་ཐོབ་སྟེ་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཚོར་ཐུབ་པ་བྱུང་ཡོད།
(གསུམ)
མིག་སྔར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་དེ་འགུལ་ནུས་བརྗེ་སྒྱུར་དང་གྲུབ་ཆ་ལེགས་སྒྲིག་གི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་བྱ་གཞག་བསྐྱར་དར་ཡོང་བར་མཐོ་འཛེགས་རྒྱང་ལྟའི་ཐུན་མོང་ངོས་འཛིན་དགོས་ལ། ཏན་ཏན་ཏིག་ཏིག་གི་དངོས་སྒྲུབ་བྱ་སྤྱོད་དེ་བས་དགོས་ཀྱི་ཡོད།
མཐུན་སྒྲིལ་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ་འཕེལ་རྒྱས་དོ་སྙོམས་མེད་པའི་དཀའ་གནད་སེལ་དགོས། ལྷོ་བྱང་དབར་གྱི་འཕེལ་རྒྱས་ཧེ་བག་ཆེ་རུ་རྒྱུན་མཐུད་ཕྱིན་པ་དེ་ནི་ངོ་བོའི་ཆ་ནས་བཤད་ན་འཕེལ་རྒྱས་ཀྱི་དབང་ཆ་དང་། འཕེལ་རྒྱས་ཀྱི་གོ་སྐབས། བཅོས་སྐྱོང་གི་སྒྲིག་སྲོལ་བཅས་དྲང་གཞག་དང་འདྲ་མཉམ་མིན་པ་སོགས་ཀྱིས་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བཙན་དབང་གི་བསམ་གཞིག་དང་གཞན་པ་ཟུར་འབུད་ཀྱི་འདུ་ཤེས་དོར་ཏེ་རང་འགུལ་ངང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་རེ་འབོད་ཉན་པ་དང་དེར་ལན་ཧུར་ཐག་སློག་པ་དང་། འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་ལྟེ་བའི་གནད་དོན་ལ་དམིགས་པ། ཀུན་ཕན་རང་བཞིན་དང་ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས་བྱ་ཐབས་དེ་བས་མང་བ་འདོན་པ་དང་ལྷོ་བྱང་དབར་གྱི་ཧེ་བག་ཆུང་དུ་རྒྱུན་མཐུད་གཏོང་བ། མཐུན་སྒྲིལ་དང་། འདྲ་མཉམ། དོ་སྙོམས། ཀུན་ཕན་བཅས་ཀྱི་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་མཉམ་དུ་འཛུགས་པ་བཅས་བྱས་ནས། རྒྱལ་ཁབ་ཚང་མ་འདྲ་མཉམ་ངང་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ཞུགས་ཐུབ་པ་བྱེད་དགོས།
ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་མང་རིང་ལུགས་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་སེལ་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མི་ཡུལ་གྱི་འགྲོ་ལམ་ཡང་དག་ཅིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་བྱ་སྤྱོད་བཅས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཤོག་ཁག་ཆུང་ངུ་དང་སིལ་ཧྲུག་ཅན་གྱི་འགྲན་རྒོལ་བྱེད་སྟངས་དོར་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། བརྟན་ལ་གོ་རིམ་ལྡན་པ་དང་སྒོ་དབྱེ་བསྟུན་མཁས་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་ཁོར་ཡུག་གཏོད་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་མཉམ་ལས་ཆེད་གཡས་གཞོགས་གཡོན་འདེགས་བྱེད་དགོས།
བྱ་བ་གང་ཞིག་སྒྲུབ་སྐབས་དཀའ་ངལ་མང་པོ་འཕྲད་སྲིད་པ་དང་ལག་ལེན་དུ་བསྟར་ཚེ་ནམ་ཞིག་སྒྲུབ་ཐུབ་ངེས་ཡིན། རྒྱུན་སྲིང་ལྷོད་མེད་བྱས་ན་མ་འོངས་རེ་བས་ཁེངས་ངེས་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན། སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་མཁན་བཅས་བྱེད་ཀྱི་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། ཀྲུང་གོས་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོའི་ནུས་པ་མུ་མཐུད་འདོན་པ་དང་། ཕྱོགས་ཡོངས་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་གཏིང་ཟབ་ཏུ་མུ་མཐུད་གཏོང་བ། འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་བློ་སེམས་གཅིག་མཐུན་དང་འབད་འབུངས་མདུན་སྐྱོད་བྱེད་པ། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོ་འཕེལ་རྒྱས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་དར་རྒྱས་ཡར་ཐོན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།