“རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ”
——ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་འཕེལ་ཕྱོགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨ་ལི་ལ་བཅར་འདྲི་བྱས་པ།
“འབོ་གསེར་མཉམ་ལས་ནི་འདྲ་མཉམ་གྲོས་མོལ་དང་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པས། གསར་དར་དཔལ་འབྱོར་སྡེ་གཞི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཤུགས་རྐྱེན་ཐེབས་ཤུགས་དེ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ཇུས་གཞིར་བསྒྱུར་ནས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བར་ཕན་ཐོགས་ཡོད” ཉིན་ཤས་གོང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་འཕེལ་ཕྱོགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་མུའུ་ཧན་མོ་ཏེ·ཨ་ལི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཉིན་བཞིན་རྙོག་འཛིང་ཆེ་རུ་འགྲོ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་མདུན་དུ་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཁེའི་འབོ་གསེར་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེན་པོ་ཡོད་ཅེས་བརྗོད།
“ཀྲུང་གོ་ནི་འབོ་གསེར་མཉམ་ལས་ལམ་སྲོལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཞིག་རེད”ཨ་ལི་ཡིས། གསར་དར་དཔལ་འབྱོར་སྡེ་གཞི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྐད་ཆ་ཤོད་དབང་དེ་བས་ཆེ་བ་སྤྲོད་རྒྱུར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་ནས། གསར་སྤེལ་དངུལ་ཁང་འཛུགས་གཏོད་ལ་སྐུལ་འདེད་གཏོང་བ་དང་། བཟོ་ལས་གསར་པའི་གསར་བརྗེའི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། “འབོ་གསེར+”མཉམ་ལས་བྱེད་སྟངས་ཐོག་མར་འདོན་པ། འབོ་གསེར་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་སྡེ་གཞིའི་དབར་གྱི་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབོ་གསེར་མཉམ་ལས་ཀྱི་ཁྱབ་ཁོངས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སུ་རྒྱ་སྐྱེད་བཏང་བ་རེད་ཅེས་བརྗོད།
“ཀྲུང་གོ་ཕྱོགས་ཀྱིས‘ཞི་བདེའི་འབོ་གསེར’དང་། ‘གསར་གཏོད་ཀྱི་འབོ་གསེར’‘ལྗང་མདོག་གི་འབོ་གསེར’‘གཞུང་དྲང་གི་འབོ་གསེར’‘མི་ཆོས་རིག་གནས་ཀྱི་འབོ་གསེར’བཅས་བསྐྲུན་རྒྱུའི་གྲོས་འགོ་བཏོན་ནས་འབོ་གསེར་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ‘འབོ་གསེར་ཆེན་པོའི་མཉམ་ལས’ལ་འཆར་གཞི་བཀོད་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་གི་རིན་ཐང་སྔར་བས་གཅིག་སྡུད་བྱས་ཡོད་ཅེས་ཨ་ལི་ཡིས་བརྗོད།
“ཉེ་བའི་ལོ་ཤས་རིང་། ཨ་ཀྲུང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བརྟན་པོ་ཐེབས་པ། རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་འབོ་གསེར་མཉམ་ལས་ལམ་སྲོལ་སོགས་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་ཕན་ཐོགས་ཡོད” ཨ་ལི་ཡིས། སང་ལོར། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་ནུས་རྒྱུ་གཙང་མ་ཕྱོགས་སྒྱུར་དང་། མི་ཐབས་རིག་ནུས་བཅོས་སྐྱོང་། གྲངས་འཛིན་ཚོང་དོན་གསར་གཏོད་འཕེལ་རྒྱས་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས“འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་འབོ་གསེར་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཆོད་སེམས་དང་སྟོབས་ཤུགས་སྔར་བས་མངོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།