རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་ལ་དྲོད་རླངས་མཁོ་འདོན་གྱི“དྲོ་སྐྱིད་ལས་གྲྭའི”ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་16ཉིན། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས་མཉམ་དུ《གྲོང་ཁྱེར་དང་གྲོང་རྡལ་ལ་དྲོད་རླངས་མཁོ་འདོན་གྱི“དྲོ་སྐྱིད་ལས་གྲྭའི”ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2026ལོ་ནས་2028ལོ་བར)》བཀྲམ་ནས། 2028ལོའི་ལོ་མཇུག་གོང་དྲོད་རླངས་མཁོ་འདོན་གྱི་མདོང་དྲ་རྙིང་པ་གསར་བརྗེས་སྒྱུར་བཀོད་ལས་འགན་ལ་འཕེལ་རིམ་མངོན་གསལ་དོད་པོ་ཡོང་བ་དང་། དྲོད་རླངས་མཁོ་འདོན་གྱི་འགན་ལེན་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དེ་བས་ཆེ་རུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད།
ཇུས་གཞི་དེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་15དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ལ་ཁྱབ་ཡོད་པ་དང་། དེའི་ནང་དྲོད་རླངས་མཁོ་འདོན་གྱི་མདོང་དྲ་འཛུགས་སྐྲུན་སྒྱུར་བཀོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། དྲོད་ཁུངས་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། དྲོད་རླངས་མཁོ་འདོན་གྱི་མ་ལག་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། དྲོད་རླངས་མཁོ་འདོན་གྱི་ཞབས་ཞུའི་སྤུས་ཚད་ལེགས་སུ་ཤུགས་ཆེན་གཏོང་བ། དྲོད་རླངས་མཁོ་འདོན་གྱི་ཕུགས་ཕན་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཕྱོགས་ལྔ་ལ་གཞིགས་ནས་གཙོ་གནད་ལས་འགན་19གཏན་འཁེལ་བྱས་ཡོད་པ་རེད།
སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་གྲོང་ཁྱེར་འཛུགས་སྐྲུན་སིའི་འབྲེལ་ཡོད་འགན་འཁུར་བས། དུས་འགོར་བསྐྲུན་པའི་དྲོད་རླངས་མཁོ་འདོན་གྱི་མདོང་དྲ་དང་ཚ་ཤུགས་ས་ཚིགས་སོགས་ཀྱི་སྒྲིག་ཆས་རིམ་བཞིན་རྙིང་པ་ཆགས་པ་དང་གནམ་གཤིས་ངན་པ་བསྟན་པ་སོགས་ཀྱི་རྐྱེན་པས། ས་ཁུལ་ཁག་གཅིག་གི་དྲོད་ཁུངས་འགན་ལེན་གྱི་ནུས་པ་མི་འདང་བ་དང་། སྒྲིག་ཆས་ལ་སྐྱོན་ཤོར་བ་སོགས་ཀྱི་གནད་དོན་ཐོན་གྱི་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་གྱི“དྲོ་སྐྱིད་ལས་གྲྭའི”ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ་བརྒྱུད། མདོང་དྲ་དང་། དྲོད་ཁུངས། འཁོར་རྒྱུག ཞབས་ཞུ། ལམ་སྲོལ་སོགས་ཕྱོགས་མང་པོར་ཤུགས་བརྒྱབ་སྟེ་དྲོད་རླངས་མཁོ་འདོན་གྱི་འགན་ལེན་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས། མི་དམངས་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་དེ་བས་ལེགས་པ་བྱ་རྒྱུ་རེད་ཅེས་བརྗོད།
དྲོད་རླངས་མཁོ་འདོན་གྱི་མདོང་དྲ་འཛུགས་སྐྲུན་དང་སྒྱུར་བཀོད་ནི“དྲ་དྲུག”ཁྲོད་ཀྱི་གྲོང་ཁྱེར་གྱི་ས་འོག་མདོང་དྲ་འཛུགས་སྐྲུན་དང་སྒྱུར་བཀོད་ཀྱི་ནང་དོན་གལ་ཆེན་ཞིག་རེད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་གྲངས་གཞི་ལས་མངོན་པར། 2025ལོའི་ལོ་མཇུག་བར། རང་རྒྱལ་བྱང་ཕྱོགས་ཀྱི་དྲོད་ལེན་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་དུང་ཕྱུར་147.5ཟིན་པའི་ནང་གནས་སྡོད་འཛུགས་སྐྲུན་སྨི་ངོས་གྲུ་དུང་ཕྱུར་112.9ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།