ཁྱད་ལྡན་ཐོན་ཁུངས་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ།
——རུ་ཐོག་རྫོང་གིས“ཐོན་ལས་གསུམ་མཉམ་འདྲེས”ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བརྒྱུད་རིམ་ལྡན་པའི་ཇུས་འགོད་འོག འཕེལ་རྒྱས་ཀྱི་བསམ་ཕྱོགས་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་གཏོད་བྱས་ཏེ་སྤུས་རྟགས་གཏོད་པ་དང་། ཐོན་རྫས་ལས་སྣོན། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་བཅས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། ཐོན་ལས་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར་གྱི་དར་རྒྱས་ལམ་བུ་ཞིག་བཏོད་ཡོད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་མཐའ་མཚམས་སྤུས་རྟགས་ཀྱི་མིང་བྱང་བཏོད་པ།
རུ་ཐོག་གྲོང་རྡལ་རུ་ཐོག་གྲོང་ཚོར་སྐྱོད་སྐབས་སྤོས་ཀྱི་དྲི་ཞིམ་འཐུལ་ཞིང་། མཚོ་མོ་ངང་ལྷའི་སྤོས་བཟོ་གྲྭར་སྒྲིག་ཆས་སྣ་ཚོགས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་ལས་མིས་སྤོས་ཐུམ་སྒྲིལ་རྒྱག་བཞིན་འདུག
བཟོ་ཁང་གི་འགན་འཁུར་བ་བློ་བཟང་ཐར་པ་ད་ལོ་ལོ་37ལ་སླེབས་པ་དང་ས་སྐྱེས་རྡོ་སྐྱེས་ཀྱི་རུ་ཐོག་གི་འབྲོག་པ་ཞིག་རེད། ལོ་བཅུའི་གོང་ཁོང་ཡང་ས་མཐོའི་འབྲོག་པ་མང་ཆེ་བ་དང་འདྲ་བར་སྲོལ་རྒྱུན་གྱི་འབྲོག་ལས་ལ་བརྟེན་ནས་ལྟོ་གོས་འཕྱིད་ཐབས་བྱེད་ཀྱི་ཡོད་ལ་ཞོར་ལས་ཡོང་འབབ་ཕྲན་བུ་ལས་མེད།
2015ལོར་ཁོང་ལྷ་སར་ཡོང་རྗེས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་ཇི་ལྟར་བྱེད་པའི་ཐད་བསམ་བློ་གཏོང་འགོ་ཚུགས་ཤིང་། རུ་ཐོག་ཏུ་ལོག་རྗེས་སྤོ་བོས་བཟོས་པའི་སྤོས་ཀྱིས་ཁོང་གི་བློ་སྒོ་ཕྱེ་བ་སྟེ། རུ་ཐོག་ཁོ་ནར་ཡོད་པའི་ས་མཐོའི་རྩི་ཤིང་དང་སྲོལ་རྒྱུན་གྱི་གནའ་བོའི་སྦྱོར་རྟ་བྱེད་སྟངས་གཉིས་ནི་ཕ་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཐུན་རྐྱེན་ཞིག་རེད།
ཁ་ཕྱོགས་རྙེད་རྗེས་ཏན་ཏན་ཏིག་ཏིག་གིས་ལས་འགོ་བཙུགས་ཤིང་། བློ་བཟང་ཐར་པ་སྤོ་བོའི་དགེ་ཕྲུག་དང་པོར་གྱུར། སྤོས་ཁག་དང་པོ་བཟོས་རྗེས་ཁོང་གིས་འཚོང་རྒྱུར་བྲེལ་བ་མི་བྱེད་པར་རིན་མེད་ངང་ཡུལ་མིར་སྟེར་བ་དང་བསམ་འཆར་ཉན།
“སྤོས་བཟོ་བར་ཞིབ་ཚགས་པོ་དགོས་ལ་མི་ཞིག་བྱེད་པར་ཏན་ཏན་ཏིག་ཏིག་དགོས”བབ་ཆགས་པའི་ཀུན་སློང་འདི་སེམས་ལ་ངེས་ཏེ་2015ལོའི་ཟླ་8པར་ཁོང་གཅིག་པུ་བོད་ལྗོངས་བོད་སྨན་བདུད་རྩི་ཚོགས་པར་སྤོས་བཟོ་བའི་ལག་རྩལ་སྦྱོང་བར་བསྐྱོད།
2016ལོར་བློ་བཟང་ཐར་པས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་སྒྲིག་ཆས་ཆུང་གྲས་6ཉོས་པ་དང་ཁང་པ་ཐབས་ཆག་ཅིག་ཏུ་སྤོས་བཟོ་གྲྭ་བཙུགས།
ལྷད་མེད་རང་བྱུང་གི་མ་བཅོས་རྒྱུ་ཆ་དང་། ས་སྐྱེས་རྡོ་སྐྱེས་ཀྱི་གནའ་བོའི་བཟོ་རྩལ། ཡག་ཐོག་ཡག་བརྩོན་གྱི་གཤིས་རྒྱུད་བཅས་ལ་བརྟེན་ནས་མཚོ་མོ་ངང་ལྷའི་བདུག་སྤོས་ལ་ས་གནས་དེ་གའི་མང་ཚོགས་ཀྱི་ཁས་ལེན་ཐོབ་ནས་གདེང་འཇོག་བཟང་བའི་ཁྱད་ལྡན་ཐོན་རྫས་ཤིག་ཏུ་གྱུར། “ས་གནས་དེ་གའི་སྲིད་གཞུང་གིས་བོད་ལྗོངས་འགྲེམས་ཚོགས་ཐོག་ཁོང་གི་ཐོན་རྫས་འོས་སྦྱོར་བྱས་པ་མ་ཟད། ད་དུང་རོགས་སྐྱོར་མ་དངུལ་སྒོར་ཁྲི་15ཐོན་རྫས་ཐུམ་སྒྲིལ་དང་རིམ་སྤོར་ཐད་སྤྱད་ཡོད”ཅེས་བློ་བཟང་ཐར་པས་བཤད།
སྤོས་ཀྱི་ཐོན་ལས་ཙམ་མ་ཟད། 2020ལོར་བློ་བཟང་ཐར་པས་མ་དངུལ་སྒོར་ཁྲི་300བཏང་ནས་སྨི་ངོས་གྲུ་2000ཟིན་པའི་བལ་གྱི་ཉལ་ཆས་ལས་སྣོན་བཟོ་གྲྭ་ཞིག་བསྐྲུན་པ་དང་། 2024ལོར་བོད་ལྗོངས་སྟོད་མངའ་རིས་ཞིང་འབྲོག་རིག་གནས་གསར་སྤེལ་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་། སྤོས་ཐོན་སྐྱེད་བྱེད་པའི་རྨང་གཞིའི་ཐོག་ཁོང་གིས་ལས་སྒོ་རྒྱུན་མཐུད་རྒྱ་ཆེར་བཏང་ནས་རུ་ཐོག་གི་ཁྱད་ཆོས་ལྡན་པའི་རིག་གནས་བསམ་བཀོད་ཐོན་རྫས་ཞིབ་བཟོ་བྱས་ཤིང་། བྲག་བརྐོས་རི་མོའི་རྣ་རྒྱན་དང་། འཁྱག་སྒམ་གྱི་སྦྱར་རིས། སྐེ་དཀྲིས། སྔས་འབོལ་སོགས་རིག་གནས་བསམ་བཀོད་ཐོན་རྫས་40ལྷག་ཙམ་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
བློ་བཟང་ཐར་པས་རིག་གནས་བསམ་བཀོད་འཚོལ་ཞིབ་བྱེད་པ་ནི་རུ་ཐོག་རྫོང་གིས་རིག་གནས་ལ་བརྟེན་ནས་ཐོན་ལས་གཏོད་པ་དང་གསར་གཏོད་ལ་བརྟེན་ནས་ཐོན་ཁུངས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པའི་བྱ་ཐབས་ཤིག་རེད།
ཉེ་བའི་ལོ་ཤས་རིང་། རུ་ཐོག་རྫོང་གིས་སྤོས་བཟོ་རྩལ་དང་དམངས་ཁྲོད་གླུ་གར་སོགས་མངོན་མིན་རིག་གནས་ཤུལ་བཞག་མཛེས་ལྗོངས་ཁུལ་དང་། གྲོང་གསེབ། སློབ་གྲྭ་བཅས་སུ་ཁྱབ་གདལ་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་བྲག་བརྐོས་རི་མོའི་རིག་གནས་དང་། མཐའ་མཚམས་རིག་གནས། མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་བཅས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལམ་ཐིག་དང་མཉམ་འདྲེས་གཏིང་ཟབ་བྱས་ཡོད། མཚོ་མོ་ངང་ལྷ་རིང་མོར་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཚན་སྙན་ཐོབ་པ་དང་དེ་བཞིན་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཏེ། “ས་མཐོའི་ལོ་རྒྱུས་སྙན་ངག”རུ་ཐོག་གི་བྲག་བརྐོས་རི་མོ་ཡོད་པའི་དབང་གིས་2025ལོར་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་51ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་5.9བྱུང་ནས་མཐའ་མཚམས་རིག་གནས་ཡུལ་སྐོར་གྱི་མིང་བྱང་སྔར་བས་བཀྲག་མདངས་འཚེར་བར་གྱུར་ཡོད།
ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ཏེ་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ།
བོད་ནུབ་བྱང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ལས་རུ་ཐོག་གི་ཁུལ་དཀར་རའི་ཁུ་ལུ་གཞན་དང་མི་འདྲ་བར་སྤུས་ཀ་དག་པོ་ཡོད། དེ་གའི་ཁུ་ལུའི་སྲབ་ཚད་ཝེ་སྨི་14.7ཙམ་ལས་མེད་པས་ཧ་ཅང་འཇམ་ལ་ཁམས་དྭངས་བས་ཁུ་ལུའི་ལས་རིགས་ཀྱི“གསེར་མཉེན”ཞེས་འབོད་ཀྱི་ཡོད།
ར་བང་ཤང་ལུ་མ་མཁར་གྲོང་ཚོའི་ཁྱད་ལྡན་གསོ་ཚགས་དཔེ་སྟོན་རྟེན་གཞིར་སྐྱོད་སྐབས། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བློ་བཟང་སྐལ་ལྡན་གྱིས་ལུ་གུའི་ཤ་ཤེད་དང་། རིམས་འགོག གཟན་ཆག་སོགས་ཀྱི་གྲངས་གཞི་ཐོ་འགོད་ཞིབ་ཕྲ་བྱས་ནས་གསོ་ཚགས་རྟེན་གཞིའི་ལས་དོན་ཁག་ལ་དོ་དམ་བྱེད་བཞིན་ཡོད།
1988ལོར་སྐྱེས་པའི་བློ་བཟང་སྐལ་ལྡན་ནི་ཡུལ་མིའི་སེམས་ནང་གི་འཇོན་ཐང་ཆེ་ཞིང་བློས་འཁེལ་བའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་རེད། ཁོང་གིས་སྣེ་ཁྲིད་དེ་ཏང་ཀྲི་པུའུ་ལྟེ་བར་བྱས་པ་དང་ཏང་ཡོན་སྐུལ་སློང་གིས་རང་ཁྱིམ་གྱི་ཕྱུགས་ཟོག་དང་རྩྭ་ར་གྲོང་ཚོའི་མཉམ་ལས་ཁང་ལ་མ་རྐང་འཇོག་པ་དང“དུད་སྦྲེལ་ཕྱུགས་འཚོའི”བྱེད་སྟངས་དོན་འཁྱོལ་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཕྱུགས་ཟོག་ཁྲི་3ལྷག་ཙམ་ལ་གཅིག་སྡུད་གཟན་རྩྭ་སྟེར་བ་དང་། གཅིག་གྱུར་རིམས་འགོག་བྱེད་པ། གཅིག་གྱུར་འཚོང་བ་བཅས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་བྱས་ནས་དེ་སྔའི་ཁ་ཐོར་གསོ་ཚགས་བྱེད་པ་དང་སྒྲིག་ལམ་མེད་པའི་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བ་རེད།
“གསེར་མཉེན”གྱི་སྤུས་ཀ་མ་ཉམས་པ་བྱ་ཆེད། བློ་བཟང་སྐལ་ལྡན་གྱིས་རང་འགུལ་ངང་རྫོང་གི་དེ་སྔའི་ལག་རྩལ་ཚོགས་པ་དང་འབྲེལ་མཐུད་བྱས་ཏེ་རྒྱུན་དུ་ར་ཁྱུའི་བཟང་སྒྲུག་བསྐྱར་གསོའི་ལས་དོན་སྤེལ་བ་དང་འབྲེལ། རྒྱུད་བཟང་ར་ཕོ་གཙོ་བོའི་རྒྱུད་མ་ཆད་པར་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱས་ནས་ཁུ་ལུའི་སྤུས་ཀ་དག་པོ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱས་པ་རེད། དགུན་དུས་གཟན་རྩྭ་དཀོན་པའི་གནད་དོན་ལ་དམིགས་ནས། ཁོང་གིས་ཡུལ་མི་ཁྲིད་དེ་མུའུ་1500ལྷག་ཙམ་ཟིན་པའི་མི་ཐབས་རྩྭ་འདེབས་རྟེན་གཞི་གསར་སྦོལ་བྱས་ཏེ་འབྲོག་ལས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
ཁུལ་དཀར་ར་གསོ་སྤེལ་རྒྱ་སྐྱེད་ར་བར་བརྟེན་ནས་བློ་བཟང་སྐལ་ལྡན་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་སྤེལ་ཏེ། ཁུལ་དཀར་ར་གསོ་ཚགས་ཀྱི་བྱ་དགའི་ལྕག་སྐུལ་ལམ་སྲོལ་འཛུགས་པ་དང་ཁུལ་དཀར་ར་ཕོའི་འགྲན་བསྡུར་ཆེ་མོ་སོགས་བྱས་ནས་མང་ཚོགས་ཀྱི་གསོ་ཚགས་སེམས་ཤུགས་འཕེལ་བར་བྱས་ཡོད། མིག་སྔའི་བར་ལུ་མ་མཁར་གྲོང་ཚོའི་ཕྱུགས་རིགས་ཀྱི་ལག་ཡོད་མགོ་གྲངས་ཁྲི་4.6ལྷག་ཙམ་ཟིན་པའི་ནང་ཁུལ་དཀར་ར་ཁྲི་4ལྷག་ཙམ་ཡོད་པ་དང་ལོ་རེར་ཤ་དང་། ཁུ་ལུ། འོ་མ་སོགས་ཐོན་རྫས་སྣ་ཚོགས་ཀྱི་རིན་ཐང་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་ཟིན་གྱི་ཡོད།
གྲུབ་འབྲས་དེ་ནི་རུ་ཐོག་རྫོང་གིས་རྒྱུད་སྤེལ་ལས་རིགས་ཀྱིས་མཐུན་རྐྱེན་སྦྱོར་བ་དང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་བྱས་པ་ལས་ཐོབ་པ་ཞིག་རེད།
ཉེ་བའི་ལོ་ཤས་རིང་། རུ་ཐོག་རྫོང་གིས“1+5+N”རྒྱུད་བཟང་གསོ་སྤེལ་མ་ལག་ལ་བརྟེན་ནས་རྒྱུད་བཟང་ཁུལ་དཀར་ར་གསོ་སྤེལ་བྱེད་པར་དམ་འཛིན་ནན་པོ་བྱས་ཏེ། རྫོང་གི་དེ་སྔའི་རྒྱུད་སྤེལ་ར་བ་ལྟེ་བར་བྱེད་པ་དང་། རྒྱུད་སྤུས་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ། རྒྱུད་ཤལ་དོ་དམ་དང་། ནུས་པར་བརྟེན་ནས་རྒྱུད་བཟང་འདེམས་གསོ། གཞི་རྒྱུའི་མཛོད་འཛུགས་པ་བཅས་ལ་བརྟེན་ནས་འདེམས་སྦྱོར་དང་། གསོ་ཚགས་ཚད་ལྡན། རིམས་འགོག ལག་རྩལ་གསོ་སྦྱོང་བཅས་ལ་སྤྱི་འདོམས་བྱས་ཏེ་རྒྱུད་བཟང་གི་སྤུས་ཚད་འགན་ལེན་བྱས་པ་དང་། གསོ་སྤེལ་རྒྱ་སྐྱེད་ར་བ་5ཡི་རྒྱུད་བཟང་འདྲེན་པའི་ཚད་ལྡན་ཅན་གྱི་གསོ་སྤེལ་ལ་བརྟེན་ཏེ། གྲོང་ཚོ་ཁག་ལ་རྒྱུད་བཟང་སྤྲད་ནས་ཐོན་ནུས་ཀྱི་ཞན་ཆ་སེལ་བ་དང་རྒྱུད་བཟང་ཁྱབ་ཚད་མཐོ་རུ་བཏང་བ། གསོ་ཚགས་དཔེ་སྟོན་དུད་ཚང་མང་པོ་སྐྱེད་སྲིང་བྱས་ཏེ། རིན་མེད་ངང་རྒྱུད་བཟང་སྤྲོད་པ་དང་འབྲེལ་ཆེད་དམིགས་ལག་རྩལ་གྱིས་མཛུབ་ཁྲིད་བྱེད་པ་དང་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་བྱེད་པའི་ཚན་རིག་དང་མཐུན་པའི་གསོ་ཚགས་ཁྱབ་གདལ་བཏང་ནས་གསོ་ཚགས་རྒྱུད་བཟང་ཅན་དང་། ཚད་ལྡན་ཅན། ནུས་ཆེ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད། མིག་སྔར་རྫོང་ཡོངས་སུ་ལག་ཡོད་ཁུལ་དཀར་ར་ཁྲི་20.5ལྷག་ཙམ་ཡོད་པ་དེས་རྫོང་ཡོངས་ཀྱི་ལག་ཡོད་ཕྱུགས་རིགས་བསྡོམས་འབོར་གྱི་65.2%བཟུང་ཡོད།
སྤུས་ཚད་ཚོད་འཛིན་དང་ཕྱིར་ཚོང་ཐད་རུ་ཐོག་རྫོང་གིས་སྔར་བཞིན་ཞིབ་ལས་བྱས་ཤིང་། ཆེད་སྤྱོད་ཀྱི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་ལ་བརྟེན་ནས་ཕྲ་ཚད་དང་། རིང་ཚད། ཚོས་གཞི་བཅས་གཞིར་བཟུང་ཁུ་ལུ་དབྱེ་གསེད་དང་རིགས་དབྱེ་བྱེད་པ་དང་། ལོ་དྲུག་བསྟུད་མར“གནམ་མཐའི་རུ་ཐོག འཛམ་གླིང་ཁུལ་བཟང”ཞེས་པའི་ཁུ་ལུའི་ཐོན་རྫས་མྱོང་དཔྱད་དང་ཧབ་ཚོང་བྱེད་སྒོ་སྤེལ་ནས“གཅིག་སྡུད་བསྡུ་རུབ་དང་གཞི་ཁྱོན་ཅན་གྱི་ཕྱིར་ཚོང”བྱེད་སྟངས་ཁྱབ་གདལ་བཏང་སྟེ། ཞིང་འབྲོག་པས་ཁ་ཐོར་གྱིས་འཚོང་བ་དང་རིན་གོང་བརྟན་པོ་མེད་པའི་རྣམ་པར་རྦད་དེ་འགྱུར་ལྡོག་བཏང་ནས“གསེར་མཉེན”གྱི་རིན་ཐང་ངོ་མ་མངོན་པར་བྱས་ཡོད།
ཁྱད་ལྡན་ཐོན་ལས་ཀྱིས་ས་མཐོའི་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ།
ཁུལ་དཀར་ར་ནི་རུ་ཐོག་གི་ཁྱད་ལྡན་ཐོན་ལས་ཤིག་རེད་ལ་ས་གནས་དེ་གའི་ཞིང་འབྲོག་པའི་འབབ་ཁུངས་གཙོ་བོ་ཞིག་ཀྱང་རེད། གྲངས་གཞི་ལས་མངོན་པར། རྫོང་ཡོངས་སུ་ཁུལ་དཀར་ར་གསོ་ཚགས་ནང་ཞུགས་མཁན་གྱི་མང་ཚོགས་90%ཡན་ཟིན་པ་དང་། སྐབས་དྲུག་པའི་ཁུ་ལུ་ཧབ་ཚོང་བྱེད་སྒོར་རིམ་རྩིས་བརྒྱབ་ན་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་7898.46བྱུང་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་པ་93%ལ་ཕན་པ་ཐོབ་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5500ལྷག་ཙམ་བྱུང་ཡོད།
“ན་ནིང་ཁུ་ལུ་བཙོངས་པ་ཁོ་ནར་ཁྲི་5ལྷག་ཙམ་བྱུང་། ངའི་ཁྱིམ་གྱི་ར་ཡང་གྲོང་ཚོའི་མཉམ་ལས་ཁང་གི་མ་རྐང་ནང་བཞག་ཡོད་པས་ལོ་ལྟར་ཁེ་སྤོགས་བགོ་བཤའ་རག་གི་འདུག ཁོམ་པ་ཡོད་དུས་ཞིང་འཕྲུལ་གཏོང་བ་དང་ཞིང་འབྲོག་ཐོན་རྫས་འཚོང་གི་ཡོད། ལོ་གཅིག་གི་ཡོང་འབབ་ཡག་པོ་འདུག ད་ཆ་སྡོད་ཁང་གསར་པར་སྤོས་ནས་ཁྱིམ་ཆས་གསར་པ་དང་རླངས་འཁོར་གསར་པ་ཉོས་པ་ཡིན”ཞེས་འགྱུར་ལྡོག་སྐོར་གླེང་སྐབས་རུ་ཐོག་རྫོང་གི་ཡུལ་མི་ནོར་བུ་སྒྲོལ་མའི་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།
ཐོན་ལས་འཕེལ་རྒྱས་ཕྱིན་པ་ལས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་ཐོན་སྐྱེད་བྱེད་སྟངས་ཀྱང་འགྱུར་ལྡོག་ཕྱིན་ཡོད།
ལུ་མ་མཁར་གྲོང་ཚོའི་ཡུལ་མི་སྐར་མ་སྨན་ལྷའི་ཁྱིམ་དུ་ནང་མི་དགུ་ཡོད་ལ། དེ་གོང་ནང་མི་ཚང་མ་ནོར་ལུག་འཚོ་བར་བྲེལ་ནས་དཀའ་ལས་ཆེན་པོ་རྒྱག་དགོས་ཀྱང་འཚོ་བའི་ཆ་རྐྱེན་དེ་ཙམ་ཡག་པོ་མེད། ད་ཆ་ཁོང་ཁྱིམ་གྱི་ར་270གྲོང་ཚོའི་འབྲོག་ལས་སྒྱུར་བཅོས་མཉམ་ལས་ཁང་གི་མ་རྐང་ནང་བཅུག་ཡོད་པ་དང་ཁོང་གིས་སྔོག་འཕྲུལ་དང་ཟོག་འདྲེན་རླངས་འཁོར་བཏང་ནས་གྲོང་ཚོའི་མཉམ་སྡེབ་ལས་གྲྭའི་རྣམ་གྲངས་ནང་ཞུགས་ཀྱི་ཡོད་པས་སྣ་མང་ལས་ཞུགས་ལས་འབབ་འཕར་གྱི་ཐབས་ལམ་ཡངས་སུ་ཕྱིན་ཡོད།
“ནོར་ལུག་འཚོ་བ་ཁོ་ནར་བརྟེན་མི་དགོས་པར་ལས་ཀ་གཞན་བྱེད་རྒྱུ་ཡོད་པས་ན་ནིང་ཁྱིམ་མི་ཚང་མའི་ཡོང་འབབ་སྒོར་ཁྲི་30ཙམ་ཟིན་གྱི་འདུག འདི་ནི་སྔོན་ཆད་བསམ་ཡང་མི་ཕོད་པ་ཞིག་རེད”ཅེས་ཁྱིམ་གྱི་སྒོ་འགྲམ་དུ་གྲལ་སྟར་འགྲིག་པོར་བཞག་པའི་ཟོག་འདྲེན་རླངས་འཁོར་དང་འཇིབ་ཆུང་ལ་ལྟ་བཞིན་སྐར་མ་སྨན་ལྷའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བརྗོད།
རུ་ཐོག་ཏུ་ནོར་བུ་སྒྲོལ་མ་དང་སྐར་མ་སྨན་ལྷ་ལྟ་བུའི་ཐོན་ལས་ལས་ཕན་པ་ཐོབ་པའི་མང་ཚོགས་མང་དུ་འགྲོ་བཞིན་ཡོད།
ཐོན་ལས་ཀྱིས་དར་རྒྱས་ལམ་བུ་བཏོད། དངོས་སྒྲུབ་ལས་བདེ་སྐྱིད་ཕུགས་འདུན་འགྲུབ། “ལྟོ་གོས་འཕྱིད་ཐབས་བྱེད་པའི་འཚོ་བ”ནས“འཕེལ་རྒྱས་དོན་གཉེར་བྱེད་པའི་འཚོ་བའི”བར་དང་།“གནམ་ལ་བརྟེན་ནས་ཕྱུགས་འཚོ་བ”ནས“ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར”བར་རུ་ཐོག་གི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་དེ་ས་མཐོར་མངོན་ཡོད་ལ་མང་ཚོགས་ཀྱི་འཚོ་བར་དེ་བས་ཀྱང་མངོན་ཡོད།
ས་བབ་མཐོ་ཚད་སྨི་4500ཡོད་པའི་མཐའ་མཚམས་གྲོང་རྡལ་ཆུང་ངུ་དེས་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་ཐོག་ནས་གངས་ལྗོངས་ས་མཐོར་ཐོན་ལས་དར་བ་དང་མཐའ་མཚམས་མང་ཚོགས་འབྱོར་ཕྱུག་གི་དུས་རབས་ཀྱི་ལེའུ་གསར་ཞིག་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།