དོ་སྙོམས་ཀུན་ཕན་དང་སྤུས་ལེགས་ནུས་ཆེའི་བདེ་ཐང་ཀྲུང་གོ་སྐྲུན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
“ང་ཚོས་སྐྲུན་དགོས་པའི་བདེ་ཐང་ཀྲུང་གོ་ནི་དོ་སྙོམས་ཀུན་ཕན་དང་སྤུས་ལེགས་ནུས་ཆེའི་བདེ་ཐང་ཀྲུང་གོ་ཞིག་རེད”
རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་མི་དམངས་ཀྱི་བདེ་ཐང་གིས་བཟུང་བའི་གནས་བབ་གལ་ཆེན་ལ་དམིགས་ཏེ། རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་བ་དང་། བདེ་ཐང་ཀྲུང་གོ་སྐྲུན་པའི་དམིགས་ཚད་ལས་འགན་དང་གཞི་རྩའི་ནང་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་གནང་བ། 2035ལོར་སླེབས་སྐབས་བདེ་ཐང་ཀྲུང་གོ་སྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་མཛུབ་ཁྲིད་གལ་ཆེན་གནང་བ་བཅས་རེད།
མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བའི་རྨང་གཞི་དང་། མི་ཚང་མའི་བདེ་ཐང་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་སེར་གྱི་རེ་འདུན་དང་རེ་སྒུག་ཆེན་པོ་ཞིག་རེད། རང་རེའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་པ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བདེ་ཐང་ཀྲུང་གོ་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མི་དམངས་དུང་ཕྱུར་མང་པོའི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ནུས་ལྡན་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
“བདེ་ཐང་དོ་དམ་གྱི་ནུས་པ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ། སྨན་བཅོས་ཞབས་ཞུའི་ནུས་པ། སྨན་བཅོས་འགན་བཅོལ་གྱི་འདེགས་སྐྱོར་ནུས་པ། གསོ་རིག་སྨན་རྫས་གསར་གཏོད་ཀྱི་ནུས་པ། ཤེས་ལྡན་པ་གསོ་སྐྱོང་གི་ནུས་པ་བཅས་སྟོབས་ཆེན”ཞེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་ཐང་ཀྲུང་གོར་ལྡན་དགོས་པའི་ནུས་པ་ཕྱོགས་དྲུག་གནད་ལ་འཁེལ་པོས་སྙིང་བསྡུས་གནང་བ་དེ་ནི་འཐབ་ཇུས་ཀྱི་དམིགས་ཚད་ཡིན་ལ་ལག་ལེན་གྱི་བླང་བྱ་ཡང་ཡིན་པ་དང་། དེ་ལས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཕན་ཚུན་གཅིག་གྱུར་ཡིན་པ་མངོན་ཡོད།
འཕྲོད་བསྟེན་བདེ་ཐང་ནི་མི་སྒེར་གྱི་དོན་དག་རེད་ལ། རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཀྱང་རེད། བདེ་ཐང་དོ་དམ་གྱི་ནུས་པ་སྟོབས་ཆེན་ནི“ཀྲུང་གོའི་བཅོས་སྐྱོང”གི་མཚོན་ཚུལ་རེད་ལ། བདེ་ཐང་ཀྲུང་གོའི་འདེགས་སྐྱོར་བརྟན་པོ་ཞིག་ཀྱང་རེད།
དུས་རབས་གསར་པ་ཤར་ཚུན་དུ། བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་འཛུགས་པ། སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་གཏོང་སྟངས་ཀྱིས་བདེ་ཐང་ལྟེ་བར་འཛིན་པར་སྔར་བས་མཐོང་ཆེན་བྱེད་པར་སྐུལ་འདེད་གཏོང་བ་བཅས་ལས་འདུ་ཤེས་ཀྱི་འགྱུར་ལྡོག་དང་བཅོས་སྐྱོང་གི་འཕོ་འགྱུར་མངོན་ཡོད།
སི་ཁྲོན་ལུའུ་རྫོང་དུ། གཅོང་ནད་ཕོག་པའི་ནད་པ་ཁྲི་20ལྷག་ཙམ་ལ་རིགས་དབྱེ་རིམ་དབྱེ་དང་གནད་སྨིན་གྱི་ཞབས་ཞུ་ཡོད་པ་དང་། རྫོང་ཁོངས་ཀྱི་གཅོང་ནད་ཚབས་ཆེན་རིགས་བཞིའི་ནད་པ་སྔ་ཤི་ཐེབས་ཚད་2020ལོ་ལས་བརྒྱ་ཆའི་གྲངས་3.25ཆག་པ་དང་།
ཧྲང་ཧའེ་དབྱང་ཕུའུ་རུ། ལུས་རྩལ་བདེ་ཐང་ལས་དོན་དེ་དམངས་འཚོའི་དོན་དངོས་རྣམ་གྲངས་དང་ཆུས་སྲིད་གཞུང་གི་ཐབས་ཇུས་དོན་ཚན་གལ་ཆེན་ནང་བཅུག་པ་ལས་འདུས་འདྲིལ་གཅོང་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་མ་ལག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་ལ་སོགས།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་གྲོང་མིའི་བདེ་ཐང་ཆུ་ཚད་ཆ་སྙོམས་ལོ་རེར་བརྒྱ་ཆའི་གྲངས་2ཀྱི་མྱུར་ཚད་ཐོག་ནས་མཐོ་རུ་ཕྱིན་ཡོད། སློབ་མར་རྒྱང་གྲིབ་ཕོག་ཚད“ལོ་ལྔ་བསྟུད་མར་ཆག་པ”ནས་ལོ་ལྟར་ལོ་65ཡན་གྱི་རྒན་རྒོན་ལ་མི་ཐེངས་དུང་ཕྱུར་1.4ཙམ་གྱི་བདེ་ཐང་དོ་དམ་ཞབས་འདེགས་ཞུས་ཏེ་ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་དང་། ཞབས་ཞུའི་འཁོར་འབྲེལ་ཧྲིལ་པོ། བདེ་ཐང་གི་བརྒྱུད་རིམ་ཧྲིལ་པོ་བཅས་ལ་གཞི་ཚུགས་ཏེ་དམངས་ཡོངས་ཀྱི་བདེ་ཐང་དོ་དམ་གྱིས་འཕེལ་རྒྱས་ཀྱི་གཞི་མདངས་གསལ་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ཡོད།
མིག་སྔར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱིས་བདེ་ཐང་ལ་སྔར་བས་དོ་སྣང་བྱེད་ཀྱི་ཡོད་ལ་དགོས་མཁོ་ཡང་སྔར་བས་སྣ་མང་དུ་ཕྱིན་ཡོད། 《རྒྱལ་དམངས་བདེ་ཐང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ནང་མི་ཚོགས་ཡོངས་ཀྱི་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་འབྱུང་འགྱུར་ལོ་ལྔའི་ནང་བདེ་ཐང་ཀྲུང་གོ་སྐྲུན་པར་འཕེལ་རྒྱས་ཀྱི་འཆར་གཞི་གསལ་པོ་བཀོད་ཡོད།
བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་ཏེ། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྲིད་ཇུས་ཁག་ནང་མཉམ་འདྲེས་དང་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀའི་ནང་མངོན་པར་བྱས་ནས་ནད་པར་ཞབས་འདེགས་ཞུ་བ་དང་དམངས་ཡོངས་ལ་ཞབས་འདེགས་ཞུ་བ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རྨང་གཞིའི་རང་བཞིན་དང་འབྱུང་རྩའི་རང་བཞིན་གྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཕྲ་དང་ཡག་པོ་བྱས་ཚེ་བདེ་ཐང་དོ་དམ་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་ཐུབ་པ་དང་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་ངེས་རེད།
གསོ་རིག་སྨན་རྫས་གསར་གཏོད་ཀྱི་ནུས་པ་ཆེན་པོ་ནི་ཐོན་ལས་དར་རྒྱས་གཏོང་བའི་རྨང་གཞི་བརྟན་པོ་ཞིག་ཡིན་ལ་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་འགན་སྲུང་བྱེད་པའི་འཛིང་རགས་བརྟན་པོ་ཞིག་དེ་བས་ཀྱང་རེད། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་གསར་གཏོད་སྨན་རྫས་སྣ་ཁ་38ཁྲོམ་རར་འདོན་རྒྱུའི་ཆོག་མཆན་སྤྲད་པའི་ནང་འབེན་གནས་གསར་པ་དང་ལམ་སྲོལ་གསར་པའི་སྨན་རྫས་སྣ་ཁ་11ཡོད་པ་ཚང་མ་རང་རྒྱལ་གྱིས་བཟོས་པའི་གསར་གཏོད་སྨན་རྫས་ཡིན་པ་དང་ཁག་གཅིག་ནི་གོ་ལ་ཧྲིལ་པོར་འདོན་མྱོང་མེད་པའི་སྨན་རྫས་ཡིན་པ་རེད། རང་རྒྱལ་གྱི་གསར་བཟོས་སྨན་རྫས་ད་ལོ་ཕྱི་ཕྱོགས་ལ་དབང་ཆ་སྤྲོད་ཚད་ཨ་སྒོར་དུང་ཕྱུར་1200ལས་བརྒལ་ཡོད། “སྨན་གསར་པ་དང་ཐོག་མའི་གསར་བཟོས་སྨན་རྫས་ལ་ད་ཆ་ཚད་བརྒལ་མང་པོ་བྱུང་ཡོད”
རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་དགེ་མཚན་འདོན་པ་དང་། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། “ཀྲུང་གོས་བཟོས་པ་དང་གོ་ལ་ཧྲིལ་པོར་གསར་རྐྱང་ཡིན་པའི”སྨན་རྫས་སྔར་བས་མང་བ་ཐོན་ཏེ་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་སྔར་བས་བསྐངས་ནས་མི་དམངས་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཐུབ་ངེས་རེད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཕྲག་ཐོག་ཏུ་ཡོད་པས། དུས་བཀག་ལྟར་བདེ་ཐང་ཀྲུང་གོ་སྐྲུན་པའི་འགན་འཁྲི་ཧ་ཅང་ཆེན་པོ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བདེ་ཐང་ཀྲུང་གོ་བསྐྲུན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱས་ཚེ། ང་ཚོས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཐང་རྨང་གཞིའང་བརྟན་དུ་གཏོང་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།