དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་20པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཀོད་པའི་འཆར་གཞི་མངོན་འགྱུར་བྱེད་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས།

    རྩོམ་ཡིག་ནང་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་བས་བློ་ཐག་ཆོད་པོ་དང་ནུས་ལྡན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་རྩ་བའི་བླང་བྱ་ཞིག་རེད་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཀྱང་རེད། ང་ཚོས“སྲུང་སྐྱོང་གཉིས”ཐུབ་པ་དང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་དེ་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པར་བྱེད་དགོས་པ་ལས་འབོད་ཚིག་སྟོང་པ་སྒྲོག་མི་རུང་ལ། གཏམ་སྤྱོད་མི་མཐུན་པ་དེ་བས་ཀྱང་བྱེད་མི་རུང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་སོགས་ཀྱི་ལས་འགན་དང་བླང་བྱར་གཞིགས་པ་དང་། ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྐོར་ཞིབ་ཀྱི་གྲུབ་འབྲས་ཡག་པོ་སྤྱོད་པ་དང་དག་ཐེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བའི་འགན་སྲུང་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་གཉིས་ལ་འགལ་ཟླ་མེད། ལྟ་སྐུལ་ནན་པོ་བྱེད་པ་དང་ཆབས་ཅིག ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་དང་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ། མཐའ་མའི་གྲུབ་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་ཀྱི་དགོངས་དོན་དང་སྲིད་ཇུས་ཀྱི་ཐོག་མའི་བསམ་འདུན་དང་མཐུན་པའི་འགན་ལེན་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། དེ་བས་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་དབང་ཆ་དེ་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་དགོས། དབང་ཆ་དེ་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་གལ་ཆེན་ཞིག་ཡིན་པས། ལམ་ལུགས་དང་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་ནས་རླུང་ཙི་ཚགས་དམ་དུ་གཏོང་དགོས་ལ། ལམ་ལུགས་ཀྱི་ལག་བསྟར་བྱེད་ནུས་ཆེ་རུ་བཏང་ནས་བཙན་ཐབས་གཅུན་འདོམས་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་དགོས་མཁོ་དངོས་ལ་གཞིགས་ནས་ལམ་ལུགས་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་སྟེ། ལམ་ལུགས་ཞིབ་ཅིང་ཕྲ་ལ་རྙོག་རྫོབ་མེད་པ་དང་ནུས་ལྡན་གོ་ཆོད་ཐུབ་པར་བྱས་ནས“ཞུམ་བུ་ལྷས་འཇུག”སྔོན་འགོག་བྱེད་དགོས། ཁྲིམས་སྲོལ་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁྲིམས་སྲོལ་ལམ་ལུགས་ལ་བརྩི་སྲུང་ཞུ་བར་དམིགས་བསལ་དབང་ཆ་མེད་པ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པར་དམིགས་བསལ་མེད་པ་བཅས་མཐའ་འཁྱོངས་བྱས་ཏེ། ལམ་ལུགས་དང་གཏན་འབེབས་དེ་ཉིད་གློག་ལྡན་གློག་ཆེན་ལྟ་བུར་དངོས་འབྲེལ་འགྱུར་བའི་འགན་ལེན་བྱེད་དགོས། “འགོ་གཙོ་དང་པོས”སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་བྱེད་པའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། རིམ་ཁག་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྷག་པར་དུ“འགོ་གཙོ་དང་པོས”རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དེ་གནད་སྨིན་ལག་བསྟར་བྱེད་དགོས་ལ། འབྲེལ་ཡོད་ལྟ་སྐུལ་གནད་ལ་འཁེལ་པོའང་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། དེ་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་རྩ་ལག་མཉམ་བཅོས་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུ་བདེ་བླག་ངང་བཏོད་ཡོད། ལམ་བུ་འདིར་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས། མིག་སྔར། རུལ་སུངས་ཀྱི་གནད་དོན་སྔར་བཞིན་ཐོན་སླ་བ་དང་མང་པོ་ཐོན་བཞིན་ཡོད། “རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི”སྐོར་གྱི་ཏང་ཀྲུང་དབྱང་གི་བརྡར་གཅོད་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དོན་དངོས་ལས་སླར་ཡང་ར་འཕྲོད་ཐུབ་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཕམ་མི་བཟོད་པ་དང་གཏན་ནས་ཕམ་མི་རུང་བའི་འཐབ་རྩོད་གལ་ཆེན་ཞིག་ཡིན་པས། སྐད་ཅིག་ཙམ་ཡང་མཚམས་འཇོག་མི་རུང་བ་དང་གོམ་པ་ཕྱེད་ཙམ་ཡང་ཕྱིར་བཤོལ་རྒྱག་མི་རུང་། ངེས་པར་དུ་དམ་བསྒྲགས་ཀྱི་རྣམ་པ་རྒྱུན་འཁྱོངས་ཀྱིས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་རུལ་སུངས་བྱེད་རིགས་ལ་ངེས་པར་དུ་ངོ་རྒོལ་དང་། ལྐོག་ཟ་བྱེད་རིགས་ངེས་པར་དུ་གཙང་སེལ། ངན་སེལ་ལྷག་མེད་བཅས་མཐའ་འཁྱོངས་བྱས་ནས་རུལ་སུངས་བྱེད་མཁན་གབ་ས་མེད་པར་བཟོ་དགོས། ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྟོལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རུལ་སུངས་ཀྱི་འཕེལ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པ་སྟངས་འཛིན་དང་། བྱ་ཐབས་དང་བྱེད་སྟངས་གསར་གཏོད་བྱས་ནས་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་། དབྱེ་འབྱེད་ཡང་དག བཅོས་སྐྱོང་ནུས་ལྡན་བཅས་སྔར་བས་བྱེད་དགོས། ངེས་པར་དུ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་དེ་བས་ཆེན་པོ་བྱས་ནས་མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དུས་གཅིག་ཏུ་ཤུགས་རྒྱག་པ་དང་། ཕྱོགས་གཅིག་ཏུ་ཤུགས་རྒྱག་པ། ཕྱོགས་བསྡུས་ཤུགས་རྒྱག་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ལས་འགན་བཀོད་སྒྲིག་དང་། ཐོན་ཁུངས་བཀོད་སྒྲིག ལས་དོན་སྐུལ་སྤེལ། གྲུབ་འབྲས་དཔྱད་ཞིབ་བཅས་ཀྱི་ཐད་མཉམ་འགུལ་གཞོགས་འདེགས་བྱེད་པ། ཕྱོགས་ཁག་གི་ལྟ་སྐུལ་འབྲེལ་མཐུད་བཅས་བྱས་ཏེ། འཁོར་འབྲེལ་ཧྲིལ་པོའི་རོགས་ལས་ལ་བརྟེན་ནས་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།