དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་སྔོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་མ་འཇོག་དོ་དམ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་ཧའོ་ལི་ཧྭ་ཏང་གི་སྐྱིད་སྡུག་ནས་ཕུད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-16

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་མ་འཇོག་དོ་དམ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་ཧའོ་ལི་ཧྭ་ཡི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཧའོ་ལི་ཧྭ་ཡིས་ཕུགས་བསམ་དང་དད་སེམས་དོར་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཏང་ལ་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་གཞག་མི་བྱེད་པ། སྲིད་དོན་ལས་རྗེས་ལྟ་བ་འཁྱོག་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་རླངས་འཁོར་གཡར་སྤྱོད་བྱས་པ། སྤྱོད་གཙང་གི་མཐའ་ཚད་མ་བསྲུངས་བར་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་མཐའ་ཚད་གཏན་ནས་མ་བསྲུངས་བར་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གཉེར་སྐྱོང་དོ་དམ་བྱེད་པའི་སྤྱི་པའི་དབང་ཆ་སྒེར་ཕན་སྒྲུབ་པའི་ལག་ཆར་བསྒྱུར་ནས་རྒྱུ་དབང་བརྗེ་རེས་ཤུགས་ཆེན་བྱས་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་ཐད་ཁེ་ཕན་གཉེར་བ་མ་ཟད། ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་བླངས་པ་རེད།

    ཧའོ་ལི་ཧྭ་ཡིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྤྱོད་གཙང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་པའམ་ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ད་དུང་མཚམས་དང་ཚོད་མ་ཟིན་པས་ངོ་བོ་ཚབས་ཧ་ཅང་ཆེ་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་སྟབས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཧའོ་ལི་ཧྭ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ་དང་། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ། ཁོ་པའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་ནས་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱེད་རྒྱུ་དང་འབྲེལ་ཡོད་རྒྱུ་ནོར་མཉམ་དུ་རྩིས་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།