ཤེས་དཔལ་གླེང་མོལ་དེ་མི་མཐུན་པའི་ཆ་དོར་བ་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བའི་འབྲེལ་ཟམ་ལ་འགྱུར་བར་བྱེད་དགོས།

ཤེས་དཔལ་མི་འདྲ་བ་སྤེལ་རེས་ཁྲོད་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་། དཔེ་འཛིན་ཁྲོད་མཉམ་དུ་འཕེལ་རྒྱས་ཡོང་བ་བྱས་ཏེ། སྔར་བས་བསྟུན་མཁས་དང་ཞི་མཐུན་གྱི་འཛམ་གླིང་སྐྲུན་ཆེད་དེ་བས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་དགོས།
མི་རིང་བའི་གོང་། ང་རང་ལི་ཨང་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ལིང་ཧྲི་ལས་ཁུངས་ཀྱིས་གཉེར་བའི་ཤེས་དཔལ་གླེང་མོལ་གྱི་བགྲོ་གླེང་ཚོགས་འདུ་ཞིག་ལ་ཞུགས་པ་ཡིན། བྱེད་སྒོ་དེ་ནི་ཀྲུང་གོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དར་སྤེལ་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཤེས་དཔལ་གླེང་མོལ་ནི་སྔར་ནས་ཡོད་ལ་ཇེ་གསར་རྣམ་པའི་ཞིབ་འཇུག་བྱ་གཞི་ཞིག་རེད། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་འགྲོ་མགྱོགས་པའི་དེང་གི་ཆར། རྒྱུན་ཆད་མེད་པར་དེའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་དངོས་ཡོད་ཀྱི་དཀའ་གནད་སེལ་དགོས་ཏེ། ཤེས་དཔལ་གླེང་མོལ་ལས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཇི་ལྟར་འདོན་རྒྱུ་དེ་ནི་དུས་རབས་ཀྱིས་ང་ཚོར་བཏོན་པའི་ཞིབ་འཇུག་བྱ་གཞི་ཞིག་རེད།
ཤེས་དཔལ་གླེང་མོལ་ནི་བསམ་གཞི་གསར་རྐྱང་ཞིག་མ་རེད། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་2001ལོ་དེ“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་དཔལ་མི་འདྲ་བའི་དབར་གླེང་མོལ་བྱེད་པའི་ལོར”གཏན་འཁེལ་བྱས་པ་དང་འབྲེལ། ལོ་དེར《ཤེས་དཔལ་མི་འདྲ་བའི་དབར་གླེང་མོལ་བྱེད་པའི་གོ་ལ་ཧྲིལ་པོའི་གྲོས་རིམ》ལ་གྲོས་འཆམ་བྱུང་བ་རེད། 2005ལོར་སི་ཕེན་དང་ཐུར་ཁེས་མཉམ་དུ“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་དཔལ་མནའ་འབྲེལ”འཛུགས་པའི་གྲོས་འགོ་བཏོན་པར། དམིགས་ཡུལ་ནི“ཤེས་དཔལ་གྱི་གདོང་གཏུག་སྨྲ་བ”རིང་དུ་དོར་ནས་སྤེལ་རེས་དང་བསམ་ཤེས་ཀྱིས་འགལ་བ་དང་གོ་འཛོལ་སེལ་རྒྱུ་དེ་རེད། 2024ལོར་ཀྲུང་གོས་བཏོན་པའི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”འཛུགས་པའི་གྲོས་ཆོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཐོག་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་རེད། འབད་བརྩོན་དེ་དག་ལས་ཤེས་དཔལ་མི་འདྲ་བའི་དབར་ཞི་བདེ་མཉམ་གནས་དང་སྤེལ་རེས་དཔེ་འཛིན་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་དོན་གཉེར་བྱ་ཡུལ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་བསམ་གཞི་འདིར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད། 2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་ཤེས་དཔལ་གྱི་གླེང་མོལ་ཚོགས་ཆེན་ཐོག་ཤེས་དཔལ་མི་འདྲ་བའི་དབར་འདྲ་མཉམ་གླེང་མོལ་དང་། སྤེལ་རེས་དཔེ་འཛིན། ཕན་ཚུན་བློ་སྒོ་འབྱེད་པ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་ཡོད། 2023ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་གནང་ནས། ཤེས་དཔལ་སྤེལ་རེས་དཔེ་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་འཛམ་གླིང་ཕྱོགས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རེ་འབོད་གནང་ཡོད། 2025ལོར་པེ་ཅིང་དུ་འཚོགས་པའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཐོག་ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་མཉམ་ལས་དྲ་རྒྱ་འཚོལ་ཞིབ་བྱས་ནས་བསྐྲུན་ཏེ་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་ཐུན་མོང་ཐོག་བཏོད་ཡོད།
མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། དེང་རབས་ཅན་ནི་མ་གཞི་ནས་ཤེས་དཔལ་སྤེལ་རེས་དཔེ་འཛིན་གྱི་འབྲས་བུ་ཞིག་རེད། གནའ་རབས་ཀྱི་ཀྲུང་གོས་ཨེ་ཤེ་ཡ་ཤར་མར་ཤུགས་རྐྱེན་ཐེབས་པ་ནས་དུས་རབས་བར་མའི་དབྱི་སི་ལན་ཤེས་དཔལ་གྱིས་ཡོ་རོབ་ཀྱི་རིག་གནས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་དང་། ཉེ་རབས་ཀྱི་ནུབ་ཕྱོགས་ཀྱི་བཟོ་ལས་ཤེས་དཔལ་གྱིས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པ་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོས་འཛམ་གླིང་གི་སྔོན་ཐོན་ཉམས་མྱོང་ཧུར་ཐག་བསྡུ་ལེན་བྱས་པའི་བར། དེ་ནས་དེང་གི་ཀྲུང་གོའི་གསར་གཏོད་རྒྱུན་ཆད་མེད་པར་འཛམ་གླིང་ཕྱོགས་སུ་སྐྱོད་པའི་བར། ཤེས་དཔལ་འཕེལ་རྒྱས་འགྲོ་བ་དེ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ལས་བྱུང་ཡོད། ཤེས་དཔལ་ཕན་ཚུན་སྤེལ་རེས་ལས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་དེང་རབས་ཅན་ནི་ཕན་ཚུན་དཔྱད་གཞིར་འཛིན་པ་ལས་འཕེལ་རྒྱས་ཕྱིན་པ་ལོ་རྒྱུས་ལས་ར་འཕྲོད་ཡོད།
ཤེས་དཔལ་གླེང་མོལ་དངོས་འབྲེལ་བྱེད་པའི་འགག་རྩ་ནི་འདྲ་མཚུངས་མར་སྒྱུར་བ་མིན་པར་འདྲ་མཉམ་གཉིས་ཕན་ལ་རག་ལས་ཡོད། རྒྱལ་ཁབ་ཅིག་གིས་ཤེས་དཔལ་གཞན་གྱི་གྲུབ་འབྲས་དག་དཔྱད་གཞིར་འཛིན་ཆོག་མོད། འོན་ཀྱང་དེའི་རྐྱེན་གྱིས་རང་ངོས་རིག་གནས་ཀྱི་ཁྱད་ཆོས་དོར་དགོས་དོན་མེད། ཐུན་མོང་གི་རིན་ཐང་དོན་གཉེར་དང་ཤེས་དཔལ་གྱི་ཁྱད་པར་ལ་བརྩི་འཇོག་བྱེད་པའི་དབར་དོ་སྙོམས་ཡོང་བར་བྱེད་པ་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་གཏོང་བའི་རྟག་བརྟན་གྱི་ཞིབ་འཇུག་བྱ་གཞི་ཞིག་རེད། ཤེས་དཔལ་མི་འདྲ་བར་རང་རང་གི་ཁྱད་ཆོས་ལྡན་པ་དང་ཚང་མས་ཡོངས་ཁྱབ་ཀྱི་རིན་ཐང་དོན་གཉེར་བྱེད་ཀྱི་ཡོད་པས། ཤེས་དཔལ་སྣ་མང་རང་བཞིན་ལ་དེ་བས་བརྩི་འཇོག་བྱེད་པ་ལས་ཚད་གཞི་རྐྱང་པས་འཛམ་གླིང་ལ་དཔྱད་གཏམ་འཇོག་པའི་བྱེད་སྟངས་དོར་དགོས། དུས་མཚུངས་སུ་ཤེས་དཔལ་གླེང་མོལ་དེ་ས་འབྲེལ་ཆབ་སྲིད་ཀྱི་ལག་ཆ་གསར་པར་མི་འགྱུར་བར་བྱས་ནས། ཤེས་དཔལ་སྤེལ་རེས་ངོ་མ་བྱེད་པ་དེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་རྨང་གཞིའི་ཐོག་བྱེད་དགོས་པ་ལས་འགལ་བ་གསར་པ་བཟོ་མི་རུང་། མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས། འཛམ་གླིང་ལ་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་བསམ་ཤེས་དང་། བསྟུན་མཁས། སྒོ་དབྱེ་བཅས་བྱེད་དགོས་པ་ལས་འདུ་ཤེས་འཛིན་སྟངས་གསར་པའི་འགྲན་རྒོལ་བྱེད་མི་རུང་།
ཤེས་དཔལ་གླེང་མོལ་ནི་ལྟ་བ་གཅིག་མཐུན་ཡོད་མཁན་ཚོས་ཕན་ཚུན་ལྡབ་སྐྱོར་རྒྱག་པ་ཞིག་མིན་པར་ཁྱད་པར་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཞིབ་ཉན་དང་། སྤེལ་རེས། དཔེ་འཛིན་བཅས་བྱེད་པ་ཞིག་རེད། ཕན་ཚུན་ཐག་ཉེ་རུ་འགྲོ་བའི་བརྒྱུད་རིམ་ཁྲོད། མིའི་རིགས་ཀྱིས་རང་ཉིད་ཀྱི་བཀག་རྒྱ་ལས་བརྒལ་ནས་འཛམ་གླིང་ལ་ངོས་འཛིན་སྔར་ལས་གཏིང་ཟབ་བྱེད་ཐུབ། མིག་སྔར། མིའི་རིགས་ལ་དུས་སྐབས་གང་ཞིག་ལས་ཀྱང་ཤེས་དཔལ་གླེང་མོལ་བྱེད་པའི་དགོས་པ་ཆེ་བ་ཡོད་པས། ཤེས་དཔལ་མི་འདྲ་བ་སྤེལ་རེས་ཁྲོད་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་། དཔེ་འཛིན་ཁྲོད་མཉམ་དུ་འཕེལ་རྒྱས་ཡོང་བ་བྱས་ཏེ། སྔར་བས་བསྟུན་མཁས་དང་ཞི་མཐུན་གྱི་འཛམ་གླིང་སྐྲུན་ཆེད་དེ་བས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་དགོས།
(རྩོམ་པ་པོ་ནི་ཧྥ་རན་སིའི་ཕྱི་འབྲེལ་པུའི་བློ་འདྲི་བ་དང་མཁས་དབང་ཡིན་པ)
འབྲེལ་ཡོད་གསར་འགྱུར།