དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་བྱེད་པར་གཟིགས་སྐྱོང་ཆེ་ཤོས་བྱེད་སའི་རྒྱལ་ཁབ་ཀྱི་ཐོབ་ཐང་རྩ་དོན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་སོགས་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་འདོད་ཚུལ་ལ་རྒྱ་ཁྱབ་ངང་རྒྱབ་སྐྱོར་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-10-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་བྱེད་པའི“གཞི་རྩའི་གནད་དོན”སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། འཛམ་གླིང་ཚོང་དོན་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལི་ཡུང་ཧྲ་ཡིས་ཚོགས་འདུའི་ཐོག《འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་སྐོར་གྱི་ཀྲུང་གོ་ཕྱོགས་ཀྱི་བསམ་གཞིག་ཞིབ་ཚགས་དང་གྲོས་འགོའི》གྲོས་གཞི་ངོ་སྤྲོད་བྱས་ཤིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ལ་འགྲན་སློང་གང་ཞིག་འཕྲད་པ་དང་། སྒྱུར་བཅོས་ཀྱི་དམིགས་ཚད་དང་མཐའ་འཁྱོངས་བྱེད་དགོས་པའི་རྩ་དོན་བཅས་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་ངང་ཀྲུང་གོ་ཕྱོགས་ཀྱི་འདོད་ཚུལ་རྒྱས་བཤད་བྱས་པར། ཚོགས་ཞུགས་ཕྱོགས་ཁག་གི་དོ་ཁུར་རྒྱ་ཁྱབ་དང་ཨ་ལན་བཟང་པོ་ཐོབ་ཡོད།

    ལི་ཡུང་ཧྲ་ཡིས་བསྟན་དོན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་སྒྲིག་ལམ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ནི་གོ་ལ་ཧྲིལ་པོའི་ཚོང་དོན་དང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ཡིན་ན་ཡང་གོ་ལ་ཧྲིལ་པོ་ཅན་ལས་བྱུང་བའི་ཁེ་ཕན་བགོ་བཤའ་དོ་སྙོམས་མེད་པ་ལས་རྒྱུན་མཐུད་འགྲན་སློང་འཕྲད་དེ་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་རྒྱལ་ཁབ་མི་ཉུང་བ་ཞིག་གི་འཕེལ་རྒྱས་ལ་སྔར་བཞིན་ཚོད་འཛིན་ཐེབས་ཡོད། དེ་མཚུངས་ཀྱི་རྒྱལ་ནང་སྲིད་ཇུས་ཀྱི་རྒྱབ་སྐྱོར་མེད་པའི་རྐྱེན་གྱིས་གོ་ལ་ཧྲིལ་པོ་ཅན་ལས་ཁོངས་མིའི་རྒྱལ་ཁབ་ཁག་གཅིག་ལ་ལེགས་སྒྲིག་གནོན་ཤུགས་བྱུང་བ་དེ་ཚོང་དོན་རང་ངོས་ལ་མི་འདོད་པའི་བསམ་ཚུལ་དུ་གྱུར་ཡོད། དེར་བརྟེན། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་བྱེད་པར་ལན་འདེབས་དགོས་པའི་རྩ་བའི་གནད་དོན་ནི། སྒྲིག་ལམ་ལ་གཞིགས་པའི་ཕྱོགས་མང་བཅོས་སྐྱོང་གིས་ཇི་ལྟར་བྱས་ནས་ཁོངས་མིའི་རྒྱལ་ཁབ་ཁག་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འཚམ་པར་བྱེད་པ་དང་དེའི་ནང་ཞུགས་སུ་འཇུག་པ་དང་དེའི་ཁྲོད་ནས་ཕན་པ་ཐོབ་པར་བྱ་རྒྱུ་དེ་ཡིན་པ་རེད།

    ལི་ཡུང་ཧྲ་ཡིས་ནན་བཤད་བྱས་དོན། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་བྱེད་པར་གཟིགས་སྐྱོང་ཆེ་ཤོས་བྱེད་སའི་རྒྱལ་ཁབ་ཀྱི་ཐོབ་ཐང་རྩ་དོན་སོགས་རྩ་བའི་རང་བཞིན་གྱི་རྩ་དོན་ལ་ངེས་པར་ཏུ་སྲུང་སྐྱོང་བྱེད་དགོས། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱི་རྨང་རྡོ་ལྟ་བུ་ཡིན་པའི་གཟིགས་སྐྱོང་ཆེ་ཤོས་བྱེད་སའི་རྒྱལ་ཁབ་ཀྱི་ཐོབ་ཐང་རྩ་དོན་ནི་ཁོངས་མིར་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་འགན་ལེན་བྱེད་པ་དང་། རྒྱལ་སྤྱིའི་ཚོང་དོན་དེ་དབང་ཆའི་སྟོན་ཕྱོགས་སུ་ཕྱོགས་རྒྱུ་སྔོན་འགོག་བྱེད་པའི་འགན་ལེན་ཡིན་པས། “མཐུན་ན་སྤྱོད་པ་དང་མི་མཐུན་ན་འདོར་བ”བྱེད་མི་རུང་ལ། དམིགས་བསལ་བྱས་ནས་དེ་ལ་ཆ་རྐྱེན་འདོན་པའམ་ཡང་ན་དེ་ལ་ཁ་གཡར་ནས་ཕྱོགས་རྐྱང་རིང་ལུགས་ཀྱི་བྱེད་ཐབས་ལག་བསྟར་ཡང་བྱེད་མི་རུང་། ཁོང་གིས། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་བྱེད་པར་ཨུ་ཚུགས་མཐའ་སྐྱེལ་བྱེད་མི་རུང་ལ། སྔོན་ཆད་ཀྱི་ཚོང་དོན་རྣམ་པ་དང་འགྲན་རྩོད་གྲུབ་འབྲས་སླར་གསོ་བྱ་རྒྱུ་དམིགས་ཡུལ་དུ་ཡང་འཛིན་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    ཚོགས་ཞུགས་ཁོངས་མི་ཚོས་ཀྲུང་གོ་ཕྱོགས་ཀྱི་གྲོས་གཞིར་གདེང་འཇོག་གང་ལེགས་བྱས་ཡོད། ཨ་ཧྥེ་རི་ཁ་ཚོགས་པ་དང་། ཨ་ཧྥེ་རི་ཁ་དང་ཅཱ་ལེ་པི་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རྒྱལ་ཁབ་ཚོགས་པ། ཕ་ཁི་སི་ཐན། རྒྱ་གར། ཧིན་རྡུ་ཉི་ཞི་ཡ་སོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་འཕྲད་པའི་འགྲན་སློང་ལ་ཀྲུང་གོས་དབྱེ་ཞིབ་བྱས་པ་དང་དེ་ལ་བཏོན་པའི་སྒྱུར་བཅོས་ཀྱི་དམིགས་ཚད་ལ་མོས་མཐུན་བྱས་པ་དང་ཆབས་ཅིག སྒྱུར་བཅོས་བྱེད་པར་འཕེལ་རྒྱས་གཏོང་རྒྱུ་སྟོན་ཕྱོགས་སུ་བྱས་ཐོག་གཟིགས་སྐྱོང་ཆེ་ཤོས་བྱེད་སའི་རྒྱལ་ཁབ་ཀྱི་ཐོབ་ཐང་རྩ་དོན་མཐའ་འཁྱོངས་བྱས་ནས། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དུས་བསྟུན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཁོངས་མི་ཚང་མར་ཕན་པ་དེ་བས་ཡག་པོ་ཐོབ་པར་བྱ་རྒྱུར་ཡང་མོས་མཐུན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།