2026ལོའི་རྒྱལ་སྤྱིའི་གྲོས་ཁང་གི་འཐུས་མིའི་མཛའ་གྲོགས་སྤེལ་རེས་གླེང་སྟེཌ་ཐེན་ཅིན་དུ་གཉེར་བ།
ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་2026ལོའི་རྒྱལ་སྤྱིའི་གྲོས་ཁང་གི་འཐུས་མིའི་མཛའ་གྲོགས་སྤེལ་རེས་གླེང་སྟེགས་ཐེན་ཅིན་དུ་གཉེར་ཞིང་། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྤྱོད་ཀྱིས། རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་དེ་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕེང་ཆིང་ཧྭ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་གནང་བ་རེད།
ཕེང་ཆིང་ཧྭ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་ལོ་5འཁོར་བའི་མཚམས་སུ་ད་ཐེངས་ཀྱི་གླེང་སྟེགས་གཉེར་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་འབོད་སྒྲར་གནད་ལ་འཁེལ་བའི་སྒོ་ནས་ལན་བསློགས་པར་དོན་སྙིང་གལ་ཆེན་ལྡན་ཡོད། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནི་ཀྲུང་གོ་རང་ངོས་ཀྱི་འཕེལ་རྒྱས་འཆར་གཞི་ཡིན་ལ་འཛམ་གླིང་ལ་ཁ་ཕྱོགས་པའི་མཉམ་ལས་གསལ་ཐོ་ཡང་ཡིན། ཁྲིམས་འཛུགས་ལས་ཁུངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་དང་ལས་འགན་གལ་ཆེན་འཁུར་ཡོད། ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་གྲོས་ཁང་དང་མཉམ་དུ་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་དང་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་བསྐྱར་དར་ཡོང་ཆེད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་མགྱོགས་པོ་བྱེད་པར་མཉམ་དུ་རམ་འདེགས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
གླིང་ཆེན་ལྔའི་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་52ནས་ཡོང་བའི་ཕྱི་རྒྱལ་གྱི་གྲོས་ཁང་གི་འཐུས་མི་66སོགས་མི་300ལྷག་ཙམ་གླེང་སྟེགས་ལ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།