དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་བབ་སྨི་3650ཟིན་པའི་ས་མཐོར་ཆུ་འབྲས་ལ་འབྲས་བཟང་སྨིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཤན་ཀན།   |     སྤེལ་དུས།  2026-10-16

    འདི་ནི་ཧྥན་ཁྲུན་ཁུན་གྱིས་ཚོད་འདེབས་ཞིང་ཁར་ས་མཐོའི་ཆུ་འབྲས་སྐྱེ་ཚུལ་ལ་ལྟ་བཞིན་པ།

    སྟོན་དུས་ཀྱི་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་གྲང་ངད་རིམ་གྱིས་ཆེ་རུ་སོང་བ་དང་བསྟུན་ནས་ས་མཐོའི་ཆུ་འབྲས་བསྡུ་བའི་དུས་སུ་སླེབས།

    རི་ལམ་ཀྱག་ཀྱོག་མང་པོ་བརྒྱུད་རྗེས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་ཀུན་ཁམས་གྲོང་ཚོ་མིག་ལམ་དུ་མངོན་ཞིང་། སེར་ཐིང་ཐིང་གི་འབྲས་ཞིང་ནང་སྙེ་མའི་ཁུར་གྱིས་ལྗིད་པའི་སོག་མ་ལྡེམ་ལྡེམ་བྱེད་པ་དེ་ཡུག་གཅིག་ཏུ་བརྔ་བསྡུ་ཟིན་པའི་ནས་ཞིང་ཁྲོད་དུ་མངོན་གསལ་ལྷག་པར་དོད། “དེ་སྔ་འབྲས་ནི་ཡུལ་ཕྱོགས་གཞན་ནས་འཁྱེར་ཡོང་བ་ཞིག་རེད། ད་ཆ་རང་ཁྱིམ་གྱི་ཞིང་ཁར་སྐྱེ་ཐུབ”ཅེས་ཡུལ་མི་བསམ་གཏན་གྱིས་ཕུ་ཐུང་གི་ཐལ་རྡུལ་རྡེབ་བཞིན་བཤད།

    ས་བབ་སྨི་3170ཟིན་པའི་ཀུན་ཁམས་གྲོང་ཚོར་ལོ་རེར་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་8.8ལས་ཟིན་གྱི་མེད་པ་དང་། ལོ་རེའི་དྲོད་གསོག་ཚད་དམའ་ཞིང་མཚན་མོ་རྟག་ཏུ་དྲོད་ཚད་གྲངས་གནས་གཅིག་ཏུ་ཆག་གི་ཡོད། དེ་སྔ་གྲོང་ཚོའི་ཞིང་ཁར་ནས་དང་དགུན་གྲོ་མ་གཏོགས་འདེབས་ཀྱི་མེད་པས། “ཆུ་འབྲས་འདེབས་རྒྱུ་ཨེ། གོ་མ་མྱོང”ཞེས་ལོ་དྲུག་ཅུར་ཉེ་བའི་ཡུལ་མི་སྐལ་བཟང་ཟླ་བས་བཤད།

    2019ལོར་ས་མཐོར་ཆུ་འབྲས་ཚོད་འདེབས་བྱེད་འགོ་ཚུགས་པ་སྟེ། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་སོན་གསོའི་རིགས་གཅིག་མཁས་ཅན་དང་ཞིབ་འཇུག་པ་ཧྥན་ཁྲུན་ཁུན་གྱིས་སྐམ་འབྲས་སོན་བཟང་750ལྷག་ཙམ་ཚོད་ལྟའི་ཞིང་ཁར་ཚོད་འདེབས་བྱས་པ་ཚང་མ་སྐྱེ་འཚར་བྱུང་མེད་པ་དང་། དེ་ནས་སླར་ཡང་ཆུ་འབྲས་སོན་བཟང་1000ལྷག་ཙམ་ནང་འདྲེན་བྱས་མོད། འོན་ཀྱང་མང་ཆེ་བ་རྩྭ་ལྡུམ་དུ་གྱུར་པ་དང་ཐ་ན་ཁག་གཅིག་ལ་ལྗང་པའང་འབུས་མེད།

    2020ལོའི་ཟླ་9ཚེས་3ཉིན་གྱི་ཕྱི་དྲོར། ཧྥན་ཁྲུན་ཁུན་དང་བཟའ་ཟླ་ཞིང་ནང་དུ་འཆམ་འཆམ་བྱེད་སྐབས་ཚོད་ལྟའི་ཞིང་ཁར་སྙེ་མ་ཞིག་བཏཌ་ཡོད་པ་མཐོང་། “ལྷམ་ཡང་ཕུད་ཁོམ་མ་བྱུང་བར་འདམ་དུ་མཆོངས་པ་ཡིན། སྙེ་མར་ག་ལེར་འཕུར་འཕུར་བཏང་མ་ཐག་སྙེ་མིག་དཀར་པོ་ལུག་སོང་། ཞིབ་པར་བརྩིས་པ་ན་འབྲས་རྡོག་173འདུག”ཅེས་ཧྥན་ཁྲུན་ཁུན་གྱིས་དགོད་བཞིན་དུ་བཤད། བསམ་ཚོད་ལས་འདས་པའི་སྙེ་མ་དེ་ནས་འགོ་བཙུགས་ཏེ་སོན་གསོ་ཚོགས་པས་ལྷོ་ཕྱོགས་སུ་སོན་གསོ་རྒྱུད་སྤེལ་དང་བརྒྱུད་རིམ་ལྡན་པའི་འདེམས་གསོ་བྱས་པ་བརྒྱུད། “2021LS-68”དང“2021LS-2”སོན་སྣ་གཉིས་གསོ་སྤེལ་ཐུབ་པ་དང་། དེ་གཉིས་གྲང་ངར་བཟོད་པ་དང་། འོད་སྦྱོར་ནུས་པ་ཆེ་བ། བ་ཚྭ་འགོག་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། དྲོད་ཚད་ཧྲེ་ཧྲི་ཏུའུ་7ནས་10བར་གྱི་མཚན་མོར་ཡང་སྙེ་མ་གཏོང་ཚད་སྔར་བཞིན་95%ཡན་རྒྱུན་འཁྱོངས་ཐུབ་ཀྱི་ཡོད།

    “ཚོད་འདེབས་བྱེད་པའི་ལོ་དང་པོར་བཞད་གད་སློང་མྱོང་ཡོད”ཅེས་བསམ་གཏན་གྱིས་ཟིན་བྲིས་རྙིང་པ་ཞིག་ཁ་ཕྱེ་ནས། “རིགས་གཅིག་མཁས་ཅན་གྱིས་ཞིང་ཁར་ཆུ་སོར་ཚད་གཉིས་གཏོང་དགོས་ཞེས་བཤད་ནའང་ངས་ཐད་ཀར་རྐང་ངར་བར་སླེབས་པ་ཞིག་བཏང་བས་ལྗང་པ་ཚང་མ་རུལ་སོང་། རྒན་ཧྥན་ལགས་ཀྱིས་གང་ཡང་མ་གསུངས་པར་ཞིང་ཁར་ཡོང་ནས་ང་ཚོར་ཆུ་འབྲས་འདེབས་སྟངས་ཞིབ་པར་བསླབས་བྱུང་ཞེས་བཤད། ད་ཆ་ས་གནས་དེ་གའི་ཚོད་འདེབས་ནང་ཞུགས་མཁན་ཞིང་པ་ཚང་མས་འབྲས་ལྗང་གསོ་བ་དང་། ཞིང་ཆུ་འདྲེན་པ། བརྔ་བསྡུ་སོགས་ཆུ་འབྲས་འདེབས་འཛུགས་ལག་རྩལ་ཤེས་ཀྱི་ཡོད།

    2025ལོར། སོན་སྣ་གཅིག་པའི་ཆུ་འབྲས་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་རྫ་ཡུལ་རྫོང་སོགས་སུ་སྐྱེ་ཁམས་ས་ཚིགས་མང་པོར་དཔྱད་འདོམས་ལེགས་གྲུབ་ཟིན་ནས་ཆུ་འབྲས་འདེབས་འཛུགས་ཀྱི་ཚད་གཞི་མཐོ་ཤོས་ས་བབ་སྨི་3650བར་སྤར་ཏེ་བོད་དུ་ས་བབ་མཐོ་བའི་ཆུ་འབྲས་འདེབས་འཛུགས་ཁུལ་མེད་པའི་སྟོང་ཆ་བསྐངས་པ་རེད། རྒྱ་ཚ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཞིང་ལས་ལག་རྩལ་ཆེ་མོ་བ་ཡེ་ཤེས་སྤེན་པས་རྩིས་ཤིག་བརྒྱབ་པ་སྟེ། ས་ཞིང་གཅིག་ཏུ་ཆུ་འབྲས་བཏབ་ན་ནས་བཏབ་པ་ལས་ཁེ་འབབ་ལྡབ་གཅིག་གིས་མང་བ་ཡོད། “ཞིང་ལས་ཀྱི་ཐོན་འབབ་མང་དུ་གཏོང་བ་དང་ཞིང་པར་འབབ་འཕར་ཡོང་བ་བྱ་རྒྱུ་དེ་འབོད་ཚིག་ཙམ་མ་ཡིན་པར། ཞིང་འབྲོག་པ་དེའི་ནང་ཞུགས་ནས་མིག་མཐོང་ལག་ཟིན་ཐུབ་ན་དཔེ་སྟོན་ཕན་འབྲས་དེ་བས་ལེགས་པ་ཐོན་ཐུབ”ཅེས་བཤད།

    ཁོམ་པ་ཡོད་དུས་ཚོད་འདེབས་ཞིང་ཁར་ལྟ་བར་འགྲོ་བ་ནི་ཧྥན་ཁྲུན་ཁུན་གྱི་གོམས་གཤིས་ཤིག་ཏུ་གྱུར་ཅིང་། “ང་ཆུ་འབྲས་ཀྱི་སྙེ་རླབས་འཕྱུར་བར་ལྟ་རྒྱུར་དགའ་ལ། ཡུལ་མིས་བསྡུས་མ་ཐག་པའི་འབྲས་ཉི་མར་སྐེམ་པའི་གཡུལ་ཁར་ལྟ་རྒྱུར་དེ་བས་དགའ”ཞེས་བཤད་པ་དང་། ལོ་མང་རིང་ས་མཐོར་ཆུ་འབྲས་ཚོད་འདེབས་ཡང་ཡང་བྱས་ཀྱང་གྲུབ་འབྲས་ཅི་ཡང་མ་ཐོབ་པའི་ཉམས་མྱོང་ཕྱིར་དྲན་བྱེད་སྐབས། ཧྥན་ཁྲུན་ཁུན་གྱིས“དཀའ་ངལ་ཆེ་ཤོས་ནི་གྲང་ངར་ཆེ་བ་མིན་པར་ས་མཐོར་ཆུ་འབྲས་སྐྱེ་བར་ཡིད་ཆེས་བྱེད་མཁན་མེད་པ་དེ་རེད”ཅེས་བཤད།

    ཀུན་ཁམས་གྲོང་ཚོ་དང་འབྲེལ་བའི་དཔའ་མདའ་གྲོང་ཚོ་ནི་ཚོད་འདེབས་ནང་ཞུགས་མཁན་གྲོང་ཚོ་ཁག་དང་པོའི་གྲས་ཡིན་ལ། བོད་ཀྱི་ས་བབ་མཐོ་བའི་ཆུ་འབྲས་མུའུ་རེའི་ཐོན་འབབ་དངོས་རྒྱ་མ་ཆིག་སྟོང་ཙམ་ཟིན་པའི་གྲོང་ཚོ་དང་པོ་དེ་ཡང་ཡིན་ཞིང་། ཡུལ་མི་ཚོས“ས་བབ་སྨི་3175ཡི་སར་ཆུ་འབྲས་བཏབ་པ”དེ་གྲོང་ཚོའི་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་ཡོད།

    “ཚང་མས་ང་ཚོས་བདམས་པའི་སོན་སྣ་གསར་པར་ཡིད་ཆེས་ཆེན་པོ་བྱེད་པ་དང་གྲོང་ཚོ་མི་ཉུང་བ་ཞིག་གིས་དུས་སང་ཚོད་འདེབས་བྱེད་པའི་མིང་ཐོ་བཀོད་སོང”ཞེས་ཧྥན་ཁྲུན་ཁུན་གྱིས་བཤད།

    ཡར་ཀླུང་གཙང་པོའི་རྒྱུད་དུ་རླུང་བུ་བསིལ་བསིལ་དུ་ལྡང་བ་དང་སྙེ་མའི་རྦ་རླབས་དལ་གྱིས་གཡོ། འབྲས་སོན་གཅིག་ལས་མུའུ་རེའི་ཐོན་འབབ་ཀྱི་གྲངས་ཀར་འགྱུར་ལྡོག་ཕྱིན་པ་མ་ཟད། “བོད་ཀྱི་ཆུ་འབྲས་རྫ་ཡུལ་དང་མེ་ཏོག་གི་ས་བབ་སྨི་1500མན་དུ་མ་གཏོགས་འདེབས་མི་ཐུབ་པའི”ལོ་རྒྱུས་ལའང་འགྱུར་ལྡོག་ཕྱིན་ནས་ས་མཐོའི་ཆུ་འབྲས་དེ་ས་གནས་ཀྱི་འབྲུ་རིགས་གཙོ་བོའི་ཁོངས་སུ་འགྱུར་སྲིད་པར་རྨང་གཞི་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།