ཀྲུང་གོ་གནམ་གཤིས་ཅུས་ཀྱིས《གནམ་གཤིས་གྲངས་གཞི་དོ་དམ་བྱེད་ཐབས》བཏོན་པ།
ཉེ་ཆར། ཀྲུང་གོ་གནམ་གཤིས་ཅུས་ཀྱིས《གནམ་གཤིས་གྲངས་གཞི་དོ་དམ་བྱེད་ཐབས》ཡོངས་བསྒྲགས་བྱས་པ་དང་ད་ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
བྱེད་ཐབས་དེའི་ནང“མཁོ་སྤྲོད་ལ་སྐུལ་ལྕག་དང་། འཁོར་རྒྱུག་ལ་སྐུལ་འདེད། བཅོས་སྐྱོང་ཚད་ལྡན”བཅས་གཙོ་རྐང་དུ་བཟུང་ནས་གྲངས་གཞི་མཁོ་སྤྲོད་དང་། གྲངས་གཞི་འཁོར་རྒྱུག་དང་བེད་སྤྱོད། གྲངས་གཞིའི་བདེ་འཇགས་འགན་ལེན། ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་འཁོར་འབྲེལ་ཧྲིལ་པོར་ཁྱབ་པའི་ལམ་ལུགས་ཀྱི་སྒྲོམ་གཞི་ཞིག་བཙུགས་ཡོད། གནམ་གཤིས་གྲངས་གཞི་དོ་དམ་བྱེད་སྒོར་སྔར་བས་སྐུལ་འདེད་བཏང་ནས་ཚད་ལྡན་དུ་གཏོང་བ་དང་། གནམ་གཤིས་གྲངས་གཞིའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གནམ་གཤིས་གྲངས་གཞི་རིམ་ལྡན་འཁོར་རྒྱུག་བྱེད་མགྱོགས་སུ་གཏོང་བ་དང་རིན་ཐང་འདོན་སྤེལ་བྱེད་པ་བཅས་ལ་མཚོན་ན། བྱེད་ཐབས་དེ་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པས། བྱེད་ཐབས་དེས་ལས་རིགས་ཁག་གི་གནམ་གཤིས་ཐོན་ཁུངས་གཅིག་སྡུད་ལ་སྐུལ་འདེད་བཏང་ནས་གནམ་གཤིས་གྲངས་གཞི་དངོས་འབྲེལ་བེད་སྤྱོད་ཡག་པོ་ཐུབ་པར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་མཉམ་ཤུགས་ཤིག་ཆགས་པར་བྱ་རྒྱུ་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་། གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་གྲངས་གཞི་མཉམ་སྤྱོད་དང་རིན་ཐང་མངོན་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། སྤྱི་ཚོགས་ཡོངས་ལ་རིམ་རྩིས་བརྒྱབ་ན་རིགས་12ཀྱི་གནམ་གཤིས་གྲངས་གཞིའི་ཐོན་རྫས་སྣ་ཁ་100ལྷག་ཙམ་མཉམ་སྤྱོད་བྱས་པ་དང་ཆབས་ཅིག ལས་རིགས་ས་ཚུགས་ཁྲི་20ལྷག་ཙམ་གྱི་གྲངས་གཞི་གཅིག་སྡུད་བྱས་ཏེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་153དང་རྒྱལ་ཡོངས་ཀྱི་ལས་རིགས་21གི་སྤྱོད་དུད་ཁྲི་130ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།