2026ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་རིག་མཛོད་ཀྱི་སྙན་ཞུ་དངོས་སུ་ཁྱབ་བསྒྲགས་བྱས་པ།
ཚེས་9ཉིན། ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་2026ལོའི་ཀྲུང་གོའི་སྨྱན་སྦྱོར་གསར་པའི་རིག་མཛོད་ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང《ཀྲུང་གོའི་སྨྱན་སྦྱོར་གསར་པའི་ལོ་རིམ་མེ་ལོང་2026》དང《ཀྲུང་གོའི་སྨྱན་སྦྱོར་གསར་པའི་ཞིབ་འཇུག་སྙན་ཞུ་2026》ཚུད་ཡོད་པ་དེ་དག་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་སྨྱན་སྦྱོར་གསར་པའི་ཆེད་ལས་ཨུ་ལྷན་དང་མི་དམངས་ཉིན་རེའི་ཚགས་པར་གསར་འགྱུར་འཐབ་ཕྱོགས་དུས་དེབ་ཁང་གིས་མཉམ་འབྲེལ་ཐོག་རྩོམ་སྒྲིག་བྱས་པ་ཞིག་རེད།
《ཀྲུང་གོའི་སྨྱན་སྦྱོར་གསར་པའི་ལོ་རིམ་མེ་ལོང་2026》ནང་གཙོ་རྒྱུན་སྨྱན་སྦྱོར་ནས་ཚོང་ལས་ལས་སྟེགས་བར་དང་སྲོལ་རྒྱུན་གྱི་ལས་རྣམ་ནས་ལག་རྩལ་ཉེར་སྤྱོད་བར་གྱི་ནང་དོན་ཚུད་ཅིང་། 2025ལོའི་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་འཚོལ་ཞིབ་གསར་པ་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་དཔེ་རིས་ཤིག་གྲུབ་ཡོད། 《ཀྲུང་གོའི་སྨྱན་སྦྱོར་གསར་པའི་ཞིབ་འཇུག་སྙན་ཞུ་2026》ནང་དཔེ་མཚོན་གསལ་པོ་དང་། ཞིབ་འཇུག་ཏན་ཏིག རིགས་པའི་གཞུང་ལུགས་ཀྱི་བཙོ་སྦྱངས་བཅས་ལ་བརྟེན་ནས་གླེང་མང་བའི་བརྗོད་གཞིར་དབྱེ་ཞིབ་དང་། འཕེལ་རྒྱས་འགྲོ་ཚུལ་ལ་ཞིབ་གཅོད། འཕོ་འགྱུར་གྱི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཡོད། དཔེ་དེབ་དེ་གཉིས་ཀྱིས་གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་ལ་དམ་པོར་དམིགས་ནས་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་འདེགས་སྐྱོར་བྱས་ཡོད་པས། དེ་ནི་སྨྱན་སྦྱོར་གསར་པ་འཕེལ་རྒྱས་གཏོང་བའི་ལོ་འཁོར་གྱི་དྲིས་ལན་ཞིག་ཡིན་ལ། འབྱུང་འགྱུར་གསལ་རྟོགས་ཐུབ་པའི་དཔྱད་གཞིའི་ཀློག་དེབ་ཅིག་ཀྱང་ཡིན་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་ལེན་གྱི་བློ་སྒོ་འབྱེད་པ་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་ཀྱི་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་སྨྱན་སྦྱོར་གསར་པའི་ཆེད་ལས་ཨུ་ལྷན་དང་། མི་དམངས་ཉིན་རེའི་ཚགས་པར་གསར་འགྱུར་འཐབ་ཕྱོགས་དུས་དེབ་ཁང་། ཀྲུང་གུང་ཧྥུའུ་ཀྲོའུ་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། ཧྥུའུ་ཀྲོའུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་འགན་ཁུར་ཡོད། ལས་རིགས་དེ་ག་དང་རིག་གཞུང་ལས་རིགས་ནས་ཡོང་བའི་འཐུས་མི་200ལྷག་ཙམ་ཁྱབ་བསྒྲགས་བྱེད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།