དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀན་སུའུ་ནས་གངས་ལྗོངས་བར་གྱི་གློག་སྐུད་ཁྲིད་པའི་ལས་ལ་གཞོལ་བ།

    ——གློག་ཤུགས་བོད་སྐྱོར་བ་ལིའུ་ཞའོ་པོ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    2024ལོའི་ཟླ་9པར། རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སི་ལན་ཀྲོའུ་ཁུལ་གསར་གློག་འདོན་ཀུང་སིའི་ཅིང་ལི་གཞོན་པ་ལིའུ་ཞའོ་པོ་ཀན་སུའུ་ནས་ཁ་གྱེས་ཏེ་གངས་ལྗོངས་ས་མཐོར་ཡོང་ཞིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་སྐྲུན་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བར་དངོས་སུ་གྱུར། གནས་སྦྱར་བྱས་ནས་ལོ་གཉིས་སོང་རིང་། ཁོང་གིས་རྣམ་གྲངས་ཨར་ལས་ཁུལ་དང་། སྐྱེལ་འདྲེན་ཞིབ་བཤེར་ས་ཚིགས། མྱུར་བཟོའི་འཐབ་ས་དང་པོ་བཅས་སུ་བསྐྱོད་པའི་དུས་ཚོད་ཉིན་200ལྷག་ཙམ་ཟིན་པ་དང་། ཁོང་གིས་ཉིང་ཁྲི་དང་ཆབ་མདོ་སོགས་ཀྱི་སྐྱེལ་འདྲེན་ཞིབ་བཤེར་ས་ཚིགས་14ལ་བསྐྱོད་མྱོང་བ་དང་། རྒྱུན་གཏན་གྱི་སྐོར་ཞིབ་ནས་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་བྱེད་པའི་བར་ཁོང་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་ལས་བཟོ་དང་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བརྒྱབ་སྟེ་ལམ་ཐིག་གི་སྐྱོན་ཆ་དང་དོ་དམ་ལ་དམར་ཁྲིད་བྱས་ནས། ས་ཡུལ་དངོས་ཀྱི་དཀའ་གནད་ཐག་གཅོད་བྱེད་ཀྱི་ཡོད།

    ལིའུ་ཞའོ་པོ་ཡིས་བོད་སྐྱོར་བྱེད་པར“གཞན་བརྟེན”བྱེད་དགོས་པ་མ་ཟད། “རང་བརྟེན”དེ་བས་བྱེད་དགོས་པ་གསལ་པོར་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་སྣེ་ཁྲིད་དེ་སྡེ་ཚན་བརྒལ་བའི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་པ་དང་། ས་མཐོའི་ཨར་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་རིགས་ཀྱི་ཚད་གཞི་རིམ་པ་ལྟར་གསེད་བཀྲོལ་དང་། ཡན་ལག་ཀུང་སི་ཁག་དང་རྣམ་གྲངས་པུའུ་རུ་བསྐྱོད་དེ་བརྟག་ཞིབ་དང་བཞུགས་མོལ་གཏིང་ཟབ། བཟོ་བཅོས་ཡང་ཡང་བརྒྱབ་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པ་རེད། དུས་ཡུན་ལོ་གཅིག་རིང་། སྤུས་ཚད་ལག་རྩལ་གྱི་ལྟེ་བའི་དོ་དམ་ལམ་ལུགས་26བཟོས་ནས་ལག་བསྟར་བྱས་པ་དང་གདུབ་ཟུམ་དོ་དམ་མ་ལག་བཙུགས་ཏེ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་སྐྲུན་ཀུང་སིའི་དོ་དམ་དེ་ཉམས་མྱོང་ལ་བརྟེན་ནས་སྐུལ་འདེད་གཏོང་བ་ནས་ལམ་ལུགས་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་བར་འགྱུར་ལྡོག་བྱུང་ཡོད།

    ས་མཐོར་གསོ་རླུང་དཀོན་པ་དང་། འཁྱགས་ས་མང་བ། ལྷགས་པ་ཆེན་པོ་རྒྱག་པ། གངས་འཁྱགས་ཐེབས་པ་སོགས་ཨར་ལས་ཀྱི་དཀའ་གནད་མདུན་དུ་ལིའུ་ཞའོ་པོ་ཡིས་ངལ་རྩོལ་དཔེ་བཟང་གི་གསར་གཏོད་ལས་དོན་ཁང་ལ་བརྟེན་ནས། གཞོན་ནུའི་ལས་བཟོའི་གསར་གཏོད་ལས་སྟེགས་བསྐྲུན་པ་དང་། འཐབ་ས་དང་པོའི་ལས་བཟོར་ལས་གནས་ལ་གཞི་ཚུགས་ནས“ཆུང་གྲས་ལྔའི”གསར་གཏོད་ལ་ལྕག་སྐུལ་བྱས་པ། རིམ་རྩིས་བརྒྱབ་ན་ལས་གྲྭའི་ཨར་ལས་དང་སྐྱེལ་འདྲེན་ཞིབ་བཤེར་དོ་དམ་སོགས་ཀྱི་དཀའ་གནད་50ལྷག་ཙམ་འཚོལ་བསྡུ་དང་ཐག་གཅོད་བྱས་པ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་QCགྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གསུམ་པ་1ཐོབ་པ། གསར་སྤེལ་གྱི་ཁེ་བེད་བདག་ཐོབ་1བདེ་བླག་ངང་རེ་ཞུ་བྱས་པ་རེད།

    རོགས་སྐྱོར་ནི་ཕྱོགས་གཅིག་རང་གི་རོགས་རམ་མིན་པར་དེ་ནི་ཕྱོགས་གཉིས་ཀྱི་སྤེལ་རེས་རེད། གནས་སྦྱར་ལས་བྱེད་པ་ཡིན་པའི་ལིའུ་ཞའོ་པོ་ཡིས་རང་འགུལ་ངང་མཐུན་སྦྱོར་བྱས་ཏེ། སྔ་རྗེས་སུ་ཁག་ཐེངས་གཉིས་ཀྱི་བོད་ལྗོངས་གློག་ཤུགས་ཀྱི་རྐང་འཛིན་པ་15ཀན་སུའུ་རུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བཏང་བ་རེད། ཀན་སུའུ་རུ་སྡོད་རིང་། བོད་ཀྱི་སློབ་མས་འཛིན་གྲྭ་དང་ཚོགས་ཆུང་དུ་བསྐྱོད་དེ་རྩིས་ཐོར་ལྟ་བ་དང་གློག་ཤིང་འཛེགས་ནས་དངོས་སྦྱོང་བྱས་པ་མ་ཟད། དོགས་གནད་ཡོད་པ་དང་གནད་འགག་ཆེ་བའི་ཤེས་བྱ་ཟིན་བྲིས་ནང་ཞིབ་ཚགས་བཀོད་ཡོད་པ་རེད། སློབ་མ་ཚོ་སྦྱངས་པ་མཐར་ཕྱིན་བྱུང་རྗེས་སྦྱངས་པའི་ཤེས་བྱ་དངོས་ཡོད་ལས་དོན་ནང་སྤྱད་དེ། མ་གནས་ཞིབ་རྩིས་དང་ཨར་ལས་སྒྲིག་འཛུགས་སོགས་ཀྱི་ལས་དོན་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པར་བྱས་ཡོད།

    ཀན་སུའུ་ས་གཞི་ཆེན་པོ་ནས་གངས་ལྗོངས་ས་མཐོའི་བར་གྱི་ལོ་གཉིས་ནང་ལིའུ་ཞའོ་པོ་ཡིས་ལྕགས་ཀྱི་གློག་ཤིང་མང་པོ་འཛེགས་ནས་དཀའ་སྤྱད་རྔུལ་ཆུ་བཏོན་པ་་དང་། གློག་སྐུད་འཁྲིད་པའི་ལོ་ཟླའི་ནང་ལས་རྗེས་མང་པོ་བཏོད་ཡོད། ཁོང་གིས་བསྐྲུན་པའི་སེམས་སྦྲེལ་ཟམ་པས་ཀན་བོད་གློག་ཤུགས་མི་སྣའི་སེམས་པ་གཅིག་ཏུ་སྦྲེལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།