ལྷུན་གྲུབ་རྫོང་གིས།
དུད་ཚང་དུ་བསྐྱོད་དེ་དབང་སྐྱོན་གྱི་རིམ་པ་ཞིབ་དཔྱད་གཏན་འཁེལ་བྱས་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱས་པ།
དབང་སྐྱོན་ལག་ཁྱེར་གྱི་རིམ་པ་ཞིབ་དཔྱད་གཏན་འཁེལ་བྱེད་པ་ནི་དབང་པོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་དང་མང་ཚོགས་དབང་པོ་སྐྱོན་ཅན་གྱི་རང་ངོས་ཁེ་ཕན་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི“དབང་སྐྱོན་ཞིབ་དཔྱད་གཏན་འཁེལ་བྱེད་དཀའ་བ་དང་། ཐག་རིང་དུ་འགྲོ་དགོས་པ། སྒྲུབ་གཉེར་རྙོག་འཛིང་ཆེ་བ”བཅས་ཀྱི་དངོས་ཡོད་དཀའ་ངལ་ཏན་ཏིག་བསལ་ཏེ། དབང་སྐྱོན་ལག་ཁྱེར་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་དབང་པོ་སྐྱོན་ཅན་ལ་ཕན་པའི་དམངས་འཚོའི་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱ་ཆེད། ཉེ་ཆར། ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གིས་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་རྫོང་མི་དམངས་སྨན་ཁང་གི་དབང་སྐྱོན་ཞིབ་དཔྱད་གཏན་འཁེལ་སྨན་པ་དང་མཉམ་འབྲེལ་གྱིས་ཁོངས་གཏོགས་ཁུལ་དུ་བསྐྱོད་དེ་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་རིམ་པ་བརྗེ་སྒྱུར་གྱི་བསྐྱར་དཔྱད་ཞིབ་བཤེར་ལས་དོན་སྤེལ་བས། “མང་ཚོགས་འགྲོ་ལུགས་གཉེར་བར་སྐྱོད་པ”ནས“ལས་བྱེད་པ་དུད་ཚང་དུ་བསྐྱོད་དེ་འགྲོ་ལུགས་གཉེར་བའི”བར་འགྱུར་ལྡོག་བྱུང་སྟེ། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐག་ཉེ་ས་ནས་གཅིག་འཐུས་རྣམ་པའི་བསྐྱར་བཤེར་ཞིབ་དཔྱད་གཏན་འཁེལ་གྱི་ཞབས་འདེགས་ཞུས་པ་རེད།
དུད་ཚང་དུ་ཞིབ་བཤེར་བྱེད་རིང་། དབང་སྐྱོན་ཞིབ་དཔྱད་གཏན་འཁེལ་སྨན་པས་དབང་སྐྱོན་རིམ་པའི་ཞིབ་དཔྱད་གཏན་འཁེལ་གྱི་རྒྱལ་ཁབ་ཚད་གཞི་ལྟར། མང་ཚོགས་ཀྱི་ནད་དེབ་དཔྱད་གཞིར་ཞིབ་ཕྲ་ལྟ་བ་དང་། མང་ཚོགས་དབང་པོ་སྐྱོན་ཅན་གྱི་ལུས་རྟགས་དང་། བྱ་སྤྱོད་སྤེལ་ནུས། དེ་བཞིན་རྒྱུན་གཏན་རང་དོན་རང་སྒྲུབ་ཀྱི་གནས་ཚུལ་བཅས་ལ་བརྟག་དཔྱད་ནན་ཏན་བྱས་པ་དང་ཆབས་ཅིག དྲང་པོ་དྲང་གཞག་ངང་གཟུགས་པོ་བརྟག་དཔྱད་དང་དབང་སྐྱོན་རིམ་པའི་བསྐྱར་བཤེར་བྱས་ནས། ཞིབ་དཔྱད་གཏན་འཁེལ་བྱས་འབྲས་དངོས་འབྲེལ་ཡང་དག་དང་ལུགས་མཐུན་ཁྲིམས་མཐུན་ཡིན་པའི་འགན་ལེན་བྱས་ཡོད། དེ་དང་དུས་མཚུངས། ལྷུན་གྲུབ་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་དེ་བཞིན་ཤང་དང་གྲོང་རྡལ་གྱི་ལས་དོན་མི་སྣས་དུས་གཅིག་ཏུ་ཆ་འཕྲིན་ཞིབ་བསྡུར་དང་། དཔྱད་གཞི་བསྡུ་རུབ། ཡིག་ཚགས་དོ་དམ་སོགས་ཀྱི་ལས་དོན་སྤེལ་བ་དང་། ས་གནས་ས་ཐོག་ཏུ་ཐོ་འགོད་རྩིས་ཁྲ་འཐུས་སྒོ་ཚང་དུ་གཏོང་བ། དུས་ཐོག་ཏུ་མི་སྣའི་ཆ་འཕྲིན་གསར་སྒྱུར་བྱེད་པ། ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་གང་ཐུབ་བཅས་བྱས་ནས། མང་ཚོགས་ཁྱིམ་ནས་ཐོན་མི་དགོས་པར་དབང་སྐྱོན་རིམ་པ་བསྐྱར་བཤེར་དང་ལས་སྒོ་སྒྲུབ་གཉེར་ཐུབ་པར་བྱས་ཡོད། ཞིབ་བཤེར་དང་ཞིབ་དཔྱད་གཏན་འཁེལ་བྱེད་པའི་བརྒྱུད་རིམ་ཁྲོད། ལས་དོན་མི་སྣས་ཞིབ་བཤེར་དང་སྒྲོག་འགྲེལ་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་དབང་པོ་སྐྱོན་ཅན་དང་ཁོང་ཚོའི་ནང་མིར་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་དང་ཆེད་དོན་རོགས་སྐྱོབ་སོགས་དབང་པོ་སྐྱོན་ཅན་ལ་ཕན་པ་དང་དམངས་འཚོར་ཕན་པའི་སྲིད་ཇུས་ཁག་ངང་རྒྱུད་རིང་པོས་གསལ་འགྲེལ་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་མང་བའི་ཁ་གསབ་ཞུ་ལེན་དང་། ཐོབ་ཐང་ལོངས་སྤྱོད། ལག་ཁྱེར་བརྗེ་ལེན་སོགས་ཀྱི་གནད་དོན་ལ་རེ་རེ་བཞིན་ལན་བཏབ་པ་རེད།
དུད་ཚང་དུ་བསྐྱོད་དེ་ཞབས་འདེགས་ཞུས་ནས་དམངས་འཚོར་དྲོ་སྐྱིད་སྦྱིན། ཐེངས་འདིའི་དུད་ཚང་དུ་བསྐྱོད་དེ་དབང་སྐྱོན་ཞིབ་དཔྱད་གཏན་འཁེལ་བསྐྱར་བཤེར་ལས་དོན་སྤེལ་བ་ལས་དབང་པོ་སྐྱོན་ཅན་ཚབས་ཆེན་འགྲོ་སྐྱོད་དཀའ་བ་དང་ལག་ཁྱེར་གཉེར་དཀའ་བའི་དངོས་ཡོད་གནད་དོན་ནུས་ལྡན་བསལ་བ་མ་ཟད། དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་དེ་བས་སྲུང་སྐྱོང་ཏན་ཏིག་བྱས་ནས། དམིགས་བསལ་ཚོགས་སྤྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཏན་ཏིག་ཚོར་བར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།