མེས་རྒྱལ་གྱི་ས་བབ་མཐོ་ཤོས་སུ་བཞད་པའི“སྐལ་བཟང་མེ་ཏོག”
——“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པའི”མཚན་སྙན་ཐོབ་མཁན་ཚེ་རིང་ལྷ་མོའི་སྐོར་བཀོད་པ།
ཆ་སྙོམས་ས་བབ་སྨི་4500ཟིན་པའི་ནག་ཆུ་གྲོང་ཁྱེར་དུ་འཁྱགས་རོམ་དང་། གངས་རི། མཚོ། འདམ་ར་བཅས་གཅིག་ཏུ་འདུས་པ་ལས་མི་རྣམས་ཧང་སངས་དགོས་པའི་རང་བྱུང་ཁམས་ཀྱི་རི་མོ་ལྟ་བུའི་རྣམ་པ་ཞིག་གྲུབ་ཡོད་ཀྱང་། “དམིགས་བསལ”གྱི་ཕྲུ་གུ་ཁྱུ་གཅིག་གི་སེམས་ནང་རང་བྱུང་མཛེས་ལྗོངས་དེ་ལས་མཛེས་པ་དང་། དེ་ལས་དྲོ་སྐྱིད་ཆེ་བ། དེ་བས་དོན་སྙིང་ལྡན་པ་ནི“ཨ་མ”ཚེ་རིང་ལྷ་མོ་ཡིན་པ་རེད། སློབ་ཁྲིད་ལས་ལ་གཞོལ་ནས་ལོ་30སོང་བའི་སློབ་འབྲིང་དཀྱུས་མའི་དགེ་རྒན་དེ་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱིར་གྱུར་པའི་གངས་ལྗོངས་ཀྱི“སྐལ་བཟང་མེ་ཏོག”དེ་ཡིས་དགེ་རྒན་གྱི་ཀུན་སྤྱོད་བཟང་པོ་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་སློབ་མ་གསོ་སྐྱོང་དང་། དགེ་རྒན་གྱི་བླ་སྲོག་གཏོད་ཅིང་། ཕྲུ་གུ་ཚོར་གསོན་ཤུགས་འཕེལ་བར་བྱས་ཡོད།
ལྷག་བསམ་རྣམ་དག་གིས་སློབ་གསོའི་གདོང་ལེན་པ་བྱེད་པ།
ཚེ་རིང་ལྷ་མོས་སློབ་གསོའི་བྱ་གཞག་ལ་དགའ་ཞེན་ཚད་མེད་བཅངས་ནས་དམའ་རིམ་སློབ་འབྲིང་དུ་ལོ་གསུམ་དང་། མཐོ་རིམ་སློབ་འབྲིང་དུ་ལོ་བཅུ། སློབ་ཞུགས་གོང་གི་སློབ་གསོར་ལོ་དྲུག དམིགས་བསལ་སློབ་གསོར་ལོ་དགུ་བཅས་སློབ་ཁྲིད་ཀྱི་ལས་ལ་གཞོལ།
“དགེ་རྒན་གྱིས་ཏང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བསྒྲུབས་ནས་ཕྲུ་གུ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་དང་ཁྲིད་སྟོན་བྱེད་པའི་ལས་དོན་ཁྲོད་ཕྲུ་གུ་གཅིག་ཀྱང་རྗེས་སུ་ལུས་མི་རུང”2013ལོར་ནག་ཆུ་ས་ཁུལ་དུ་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་མ་ཐག་ཚེ་རིང་ལྷ་མོས་ཀྲི་པུའི་ཏང་ཡོན་དགེ་རྒན་གྱི་སྣེ་ཁྲིད་དེ“སྔོན་ལ་བྱེད་ཕོད་པའི”གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་པ་དང་། “ལེ་དབར་ཁྲི་ཡི་ལམ”དུ་ཞུགས་ཏེ་ནག་ཆུའི་ཉེ་འཁོར་གྱི་རྫོང(ཆུས)དང་ཤང་གྲོང་ཚང་མར་བསྐྱོད་དེ་བསམ་བློའི་སློབ་གསོ་བརྒྱབ་ནས་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་60བདེ་བླག་ངང་སློབ་གྲྭར་ཞུགས་ཐུབ་པར་བྱས་ཡོད།
ཏང་འཛུགས་སྐྱོང་ལ་བརྟེན་ནས“སློབ་མ”སྐྱེད་སྲིང་བྱེད་པ།
དམིགས་བསལ་སློབ་གསོ་ནི་སྤྱིར་བཏང་སློབ་གསོ་དང་མི་འདྲ་བར་སློབ་མའི་ལས་ཞུགས་ཀྱི་གནད་དོན་ལ་དེ་བས་དོ་ཁུར་བྱེད་དགོས། ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར་ཚུན་ཚེ་རིང་ལྷ་མོས་ཏང་འཛུགས་སྐྱོང་གི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་ཏང་ཡོན་དང་དགེ་རྒན་གྱི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། ཆ་སྒྲིག་སློབ་གསོ་དང་སློབ་མའི་འཚར་ལོངས་ལ་རོགས་རམ་བྱས་ནས“ཚད་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་ཚད་ཡོད་ཀྱི‘འགལ་རྐྱེན’མེད་པ་བཟོས་ཡོད།
དབང་པོ་སྐྱོན་ཅན་ཕྲུ་གུ་ཚང་མ་སྤྱི་ཚོགས་དང་མཉམ་འདྲེས་དང་རང་སྟོབས་རང་སྤེལ་གྱི་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ཆེད། ཁོང་དང་ཏང་ཀྲི་པུའི་ཚན་ཁག་གི་ཁོངས་མིས་ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པར་ཐེངས་མང་བསྐྱོད་དེ་གཅིག་སྡུད་སློབ་ཁྲིད་དང་། དྲག་སྐྱེད་སྦྱོང་བརྡར། ལས་རིགས་སློབ་གསོ་བཅས“ཕྱོགས་གསུམ་གཞི་གཅིག”གི་སློབ་གཉེར་བྱེད་སྟངས་གསར་གཏོད་བྱས་པ་དང་དབང་པོ་སྐྱོན་ཅན་སློབ་མ་མི་འདྲ་བར་གཞིགས་ནས་རང་སོའི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་བྱས་པ་རེད། ཏང་འཛུགས་སྐྱོང་ལས་དོན་གྱི་སྣེ་ཁྲིད་ཤུགས་ཆེན་འོག་འཚེམ་བཟོའི་འཛིན་གྲྭ་དང་། རྫ་ཆས་སྒྱུ་རྩལ་འཛིན་གྲྭ མ་བྱན་འཛིན་གྲྭ་སོགས་ལས་རིགས་སློབ་གསོའི་སློབ་ཚན་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་ནས་ཕྲུ་གུ་ཚང་མར་མི་ཚེའི་དོན་སྙིང་ལྡན་པར་བྱས་ཡོད།
ཏང་གཤིས་ཞུན་བརྡར་ཁྲོད་མི་ཚེའི་རིན་ཐང་མངོན་པ།
དམིགས་བསལ་སློབ་གསོའི་ཁྱབ་ཁོངས་སུ་ཚེ་རིང་ལྷ་མོས་མི་ཚེའི་ནང་གི“ཐེངས་དང་པོ”མང་པོ་བརྒྱུད་མྱོང་བ་སྟེ། འགུལ་སྐྱོད་སྟབས་བདེ་མེད་པའི་སློབ་མར་རྐུབ་ཐེངས་དང་པོ་ཕྱིས་པ་དང་། དབང་པོ་སྐྱོན་ཅན་སློབ་མ་ཁྲིད་དེ་ལྗོངས་ཕྱིའི་སྨན་ཁང་དུ་སྨན་བཅོས་བྱེད་པར་ཐེངས་དང་པོ་བསྐྱོད་པ། རང་ཉིད་ཀྱི་སློབ་མ་ཚེ་ལས་འདས་པ་ཐེངས་དང་པོ་མཐོང་བ་ལ་སོགས། “ཐེངས་དང་པོ”དེ་དག་ལས་ཏང་དོན་ལས་དོན་པ་དེའི་ཏང་གཤིས་ལ་ཞུན་བརྡར་ཐེབས་ནས་དབང་པོ་སྐྱོན་ཅན་གྱི་ཕྲུ་གུར་སྲུང་སྐྱོང་བྱེད་པའི་ཁོང་གི་ཆོད་སེམས་དེ་བས་བརྟན་དུ་སོང་ཡོད།
ལོ་22ལ་སླེབས་པའི་འབྲུག་གྲགས་ནི་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་ཁག་དང་པོ་ཡིན་པ་དང་། ལོ་13ལ་སླེབས་སྐབས་བསམ་ཡུལ་ལས་འདས་པར་ལོང་བར་གྱུར། སྐབས་དེ་དུས་ཁོ་པ་ཡིད་ཐང་ཆད་ནས། རང་གིས་རང་ལ་ཡིད་ཆེས་མེད་པ་དང་། ཁེར་རྐྱང་དུ་སྡོད་རྒྱུར་དགའ་བར་གྱུར། སློབ་གྲྭར་ཞུགས་རྗེས་ཚེ་རིང་ལྷ་མོས་ཏང་ཡོན་དགེ་རྒན་3གྱི་སྣེ་ཁྲིད་དེ་རེས་མོས་ངང་རྒྱུན་དུ་ཁོ་པ་དང་མཉམ་དུ་སྡོད་པ་དང་ངང་རྒྱུད་རིང་པོས་སེམས་གསོ་བཏང་སྟེ། འཚོ་བར་ཡིད་ཆེས་དང་བློ་སྟོབས་འཕེལ་ཐབས་བྱས། དེ་ནས་འབྲུག་གྲགས་རིམ་བཞིན་བློ་བག་ཡངས་སུ་ཕྱིན་པ་དང་འབྲེལ་2016ལོར་ལོང་བའི་མཐོ་རྒྱུགས་བཏང་སྟེ་ནན་ཅིང་དམིགས་བསལ་སློབ་གསོའི་དགེ་འོས་སློབ་གླིང་དུ་རྒྱུགས་འཕྲོད་པ་དང་། སློབ་མཐར་ཕྱིན་རྗེས་དམིགས་བསལ་སློབ་གསོའི་དགེ་རྒན་ཞིག་ཏུ་གྱུར།
འབྲུག་གྲགས་ལོ་ལྟར་ཁྱིམ་དུ་ལོག་རིམ་བཞིན་ཚེ་རིང་ལྷ་མོས་རང་ཁྱིམ་དུ་བསུས་ནས་མཉམ་འཛོམས་བྱེད་ཀྱི་ཡོད། འོན་ཀྱང་ད་ལོ“ཨ་མ་ལྷ་མོ”ཁ་ཆད་བཞིན་འབྲུག་གྲགས་བསུ་བར་སླེབས་མེད་དེ། 2025ལོའི་ཟླ་3པར་ཁོང་ཞིབ་འཇུག་ཟབ་སྦྱོང་བྱེད་སྒོར་ཞུགས་རིང་གློ་བུར་དུ་ནད་གཞིས་རྐྱེན་པས་ཚེ་ལས་འདས།
མ་གཞི“ཨ་མ་ལྷ་མོ”རང་ཉིད་ཀྱི་དགའ་ཤོས་ཀྱི་སློབ་གསོའི་བྱ་གཞག་དང་ཁོང་གིས་ནམ་ཡང་བརྗེད་མི་སྲིད་པའི་ཏང་འཛུགས་སྐྱོང་གི་ལས་དོན་དང་ཁ་བྲལ་མོད། འོན་ཀྱང་ཚེ་རིང་ལྷ་མོའི་སྣེ་ཁྲིད་འོག་ཏང་ཡོན་དང་དགེ་རྒན་དེ་བས་མང་བས་དམིགས་བསལ་སློབ་གསོའི་བྱ་གཞག་ནང་ཧུར་ཐག་ཞུགས་ནས་གྲང་ངར་ཆེ་ཞིང་ཁ་བ་བུ་ཡུག་འཚུབ་པའི་བྱང་རྩྭ་ཐང་དུ་ལོ་ལྟར་ཡང་ནས་བསྐྱར་དུ་སྐྱེས་པའི་སྐལ་བཟང་མེ་ཏོག་དང་འདྲ་བར། དེ་གར་རྩ་བ་ཚུགས་པ་དང་སྙིང་རུས་ཆེན་པོས་སློབ་གསོའི་ལས་ལ་གཞོལ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།