མཐུན་སྒྲིལ་གྱི་དམ་བཅའ་མི་རབས་ནས་མི་རབས་བར་བརྒྱུད་བསྒྲགས་བྱེད་པ།
——བོད་ཀྱི“ས་མཐོའི་སེའུ་འབྲུ་དམར་པོ”ལྟ་སྐོར་ཚོགས་པ་ཡུན་ནན་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་གླིང་དུ་བསྐྱོད་པ།

འདི་ནི་ལྟ་སྐོར་ཚོགས་པའི་ཁོངས་མིས་མི་རིགས་མཐུན་སྒྲིལ་གླིང་གི“མཛད་རྗེས་རྡོ་རིང་གཏོད་པའི”འགྲེམས་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། བོད་ཀྱི“ས་མཐོའི་སེའུ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་དགུ་པ་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་གླིང་དུ་བསྐྱོད་པ་རེད།
ལོ་འཁོར་མོ་གངས་ལྗོངས་ས་མཐོར་འཚོ་བ་སྐྱེལ་མཁན་ལས་བྱེད་པ་དང་མང་ཚོགས་ཚོའི་ངོས་ནས་བརྗོད་ན། ཡུན་ནན་གྱི་དྲོད་གཤེར་ཆེ་བའི་གནམ་གཤིས་དང་སྔོ་ལྗང་ཅན་གྱི་ཁོར་ཡུག་ལས་ཁོང་ཚོར་ཚོར་སྣང་གསར་པ་ཞིག་སྦྱིན་པ་མ་ཟད་མི་འཕྲོད་པའི་ཚོར་སྣང་ཞིག་བྱུང་ཡོད་ཅིང་། ནག་ཆུ་ནས་ཡོང་བའི་ཁོངས་མི་འགའ་ཞིག་གིས་རླངས་འཁོར་ནས་བབས་མ་ཐག“འདིར་གསོ་རླུང་འབེལ་དྲགས་ནས་ཀླུང་དུག་ཕོག་ཉེན་འདུག”ཅེས་བརྗོད།
མཐུན་སྒྲིལ་གླིང་དུ་སླེབས་རྗེས་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་མོས་ཚང་མའི་ཡིད་དབང་འཕྲོགས་ཤིང་། རྡོ་རིང་བསིལ་ཁང་ཟུར་དྲུག་མ་ཞིག་གི་དབུས་སུ་གནས་པའི་མཐོ་ཞིང་ཆེ་བའི་རྡོ་རིང་ཞིག་གི་གམ་དུ་སླེབས་སྐབས་ཚང་མ་དེ་གར་ལངས་ནས་ལྟ་དགོས་བྱུང་ཡོད།
“འདི་ནི་མི་རིགས་མཐུན་སྒྲིལ་གྱི་དམ་བཅའི་རྡོ་རིང་རེད་ལ། གླིང་ཁུལ་འདིའི་རྒྱལ་ཁབ་ཀྱི་གཅེས་ནོར་ཞིག་ཀྱང་རེད། དེར‘ཀྲུང་གོ་གསར་པའི་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་དང་པོའི’མཚན་གསོལ་ཡོད”ཅེས་འགྲེལ་བཤད་ལས་ཚང་མའི་མིག་དབང་བཀུག་ཅིང་། རྡོ་རིང་དེ་ནི་རྡོ་ཐལ་བྲག་རྡོའི་རྡོ་རིང་ཞིག་ཡིན་ཞིང་། མཐོ་ཚད་ལི་སྨི་142དང་ཞེང་ཚད་ལི་སྨི་66ཡོད་པ་དང་། རྡོ་རིང་ངོས་སུ་མནའ་ཚིག་དང་འཐུས་མི་48ཀྱི་མཚན་རྟགས་བརྐོས་ཡོད་པ་དེས་མི་རིགས་26མཚོན་གྱི་ཡོད་པ་རེད།
འགྲེལ་བཤད་པས་ཁོང་ཚོར་1950ལོར་ཕུའུ་ཨེར་ཀྲོན་ཆུས་ཀྱི་མི་རིགས་ཁག་གི་འཐུས་མིས་གདན་ཞུས་ལྟར་པེ་ཅིང་དུ་རྒྱལ་སྟོན་གྱི་མཛད་སྒོར་གཟིགས་པར་ཕེབས་ཤིང་། དེ་ཡང་ཁོང་ཚོས་སོ་སོའི་རི་གྲོང་ནས་རྟ་བཞོན་པའམ་ཡང་ན་རྐང་ཐང་མར་ལ་བརྒྱབ་ཀླུང་བརྒལ་གྱིས་ཉིན་བཅུ་གྲངས་སོང་རྗེས་ཕུའུ་ཨེར་དུ་འཛོམས་ཡོད། དེ་ནས་སླར་ཡང་མཉམ་དུ་པེ་ཅིང་དུ་བསྐྱོད་པ་རེད། མཛད་སྒོར་གཟིགས་ནས་ཚུར་ལོག་རྗེས། 1951ལོའི་གནམ་ལོ་གསར་ཚེས་སུ་མི་རིགས་26གི་འཐུས་མི་དང་ས་གནས་དེ་གའི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཀྱིས་དེར་བ་གླང་གི་མཆོད་པ་ཕུལ་ཏེ་དམ་བཅའ་བཞག་པ་མ་ཟད་འཐུས་མི་48ཀྱིས་གཟབ་ནན་ངང་མིང་བཀོད་དེ“བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་མཐའ་འཁྱོལ་བྱེད”ཅེས་པའི་དམ་བཅའ་བརྟན་པོ་བཞག་པ་རེད།
མི་རིགས་མཐུན་སྒྲིལ་གྱི་ངོ་མཚར་ལེའུ་རྩོམ་པའི་འགྲེམས་ཁང་དུ། 2024ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་གྱི་དམ་བཅའི་རྡོ་རིང་གི་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་གནང་བ་རྒྱང་བསྒྲགས་ནས་ཡང་ཡང་སྒྲོག་བཞིན་ཡོད་པས་ཚང་མས་ནན་གྱིས་ཉན་པ་རེད།
ལྟ་སྐོར་ཚོགས་པའི་ཁོངས་མིའི་ནང་མི་མི་ཉུང་བ་ཞིག་ནི་མཐའ་མཚམས་ཀྱི་རྫོང་ནས་ཡོང་བ་ཡིན་ཞིང་། ཁོང་ཚོའི་ངོས་ནས་བརྗོད་ན། འཕྲིན་ལན་ནང་གི“མེས་རྒྱལ་གྱི་མངའ་ཁོངས་ས་ཆ་མཉམ་དུ་བསྲུངས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས”ཞེས་པའི་མངགས་བཅོལ་སྔ་ས་ནས་ཁོང་ཚོའི་རྒྱུན་གཏན་འཚོ་བར་གྱུར་ཡོད། དེ་ཡང་ཁོང་ཚོས་སྐོར་གཡེང་དང་། ཕྱུགས་འཚོ་བ། མཐའ་མཚམས་སྲུང་བ་བཅས་ཀྱི་ཐོག་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པར་བྱེད་ཀྱི་ཡོད། ཕུའུ་ཨེར་གྱི་དམ་བཅའི་རྡོ་རིང་ནས་གངས་ལྗོངས་ཀྱི་མཐའ་མཚམས་བར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བྱེད་ཐབས་མི་འདྲ་བར་བརྟེན་ནས་ཁས་ལེན་དམ་བཅའ་གཅིག་པ་ཞིག་སྲུང་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།