སེ་འབྲུའི་མེ་ཏོག་རབ་ཏུ་བཞད།
——རྫ་ཆུའི་ངོགས་ཀྱི“བཟའ་ཚོའི་བསྲེགས་ཟས་ཁང”
ཆ་སྙོམས་ས་བབ་སྨི་2500ཟིན་པའི་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་དུ་རྫ་ཆུ་ལྷུང་ལྷུང་དུ་འབབ་པའི་སྒྲ་ཉན་པ་དང་ཆུ་ཚན་བརྒལ་བཞིན་བསྲེགས་ཟས་ཟ་བ་ནི་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་སྤྲོ་གསེང་བྱེད་སྒོ་ཞིག་རེད།
ཤང་སྲིད་གཞུང་མཐའ་འཁོར་གྱི་རང་སོའི་ཁྱད་ཆོས་ལྡན་པའི་བསྲེགས་ཟས་ཁང་བཅུ་ལྷག་ཙམ་ནས་ཧའོ་མིང་ཡུང་དང་ཚེ་རིང་ལྷ་མོ་བཟའ་ཚོས་གཉེར་བའི“བསྲེགས་ཟས་ཁང”གི་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད།
བཅར་འདྲི་བྱེད་པའི་སྐོར་བཤད་རྗེས། སྦྱིན་བདག་ཧའོ་མིང་ཡུང་གིས“ངེད་གཉིས་གཉེན་སྒྲིག་བྱས་ནས་ལོ་25ཕྱིན་སོང”ཞེས་རང་འགུལ་ངང་གསར་འགོད་པའི་དྲི་བར་ལན་བརྒྱབ། ཧའོ་མིང་ཡུང་གིས་སྐད་ཆ་ཤོད་སྐབས་ཚེ་རིང་ལྷ་མོར་ལྟ་ཙམ་ལྟ་ཙམ་བྱེད་ཅིང་། ཚེ་རིང་ལྷ་མོས་ཀྱང་ཁོང་ལ་འཛུམ་དམུལ་དམུལ་བྱེད་པ་དེ་ནི་ཁོང་གཉིས་བཟའ་ཚོའི་དབར་ལོ་མང་གཤིབས་པའི་བརྩེ་དུང་ཞིག་རེད།
“ངེད་གཉིས་གསོལ་སྟོན་ཞིག་ནས་ངོ་ཤེས་བྱུང་། སྐབས་དེ་དུས་ངས་བོད་སྐད་ཤོད་མི་ཤེས་ལ་ཁོ་མོས་ཀྱང་རྒྱ་སྐད་ཤོད་མི་ཤེས་པས་ངེད་གཉིས་དབར་སྤྱིར་ན་སྐད་ཆ་བཤད་མེད། འོན་ཀྱང་ཕན་ཚུན་བག་ཆགས་ཟབ་མོ་བཞག་བྱུང”ཞེས་ཧའོ་མིང་ཡུང་གིས་ཐོག་མར་ངོ་ཤེས་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་ངོ་ཚ་སྨིན་པོས་བཤད།
གསོལ་སྟོན་ཚར་རྗེས། ཧའོ་མིང་ཡུང་གིས་ཤང་འཕྲོད་བསྟེན་ཁང་གི་རྒྱ་སྐད་ཤེས་པའི་བོད་རིགས་སྨན་པ་ཞིག་ཁྲིད་དེ་ཚེ་རིང་ལྷ་མོ་འཚོལ་བར་ཕྱིན། “དགའ་རོགས་འཚོལ་བར་ཡང་སྐད་སྒྱུར་ཁྲིད་ནས་འགྲོ་ཡི་འདུག”ཅེས་སྐབས་ཤིག་རིང་ཧའོ་མིང་ཡུང་ཤང་གི་ལབ་གླེང་བྱ་ཡུལ་དུ་གྱུར་པ་མ་ཟད། ཚང་མས་ཁོང་གི་ལྷད་མེད་བརྩེ་སེམས་དང་སེམས་ཤུགས་ཀྱང་ཚོར་ཡོད།
2003ལོར། ཧའོ་མིང་ཡུང་གིས་ཚེ་རིང་ལྷ་མོ་ཁྲིད་དེ་གཡག་རྔར་ལོག་ནས་རྒྱ་ལུགས་ཀྱི་གཉེན་སྟོན་གཟབ་རྒྱས་ཤིག་བྱས་ཏེ་ཁོང་གཉིས་པོའི་མི་ཚེར་བརྗེད་པར་དཀའ་བའི་དྲན་ཤེས་ཤིག་བཞག
དེ་རྗེས་ཀྱི་ལོ་20ལྷག་ཙམ་རིང་། ཁོང་གཉིས་བཟའ་ཚོས་དཀའ་སྡུག་མཉམ་མྱོང་གིས་སྔ་རྗེས་སུ་ཕྲུ་གུ་གཉིས་གསོ་སྐྱོང་བྱས་ཤིང་། ད་ཆ་ཕྲུ་གུ་རྒན་པ་སློབ་ཆེན་ཐོན་པ་དང་ཆུང་བ་སློབ་ཆེན་ལོ་རིམ་གཉིས་པ་འགྲིམ་བཞིན་ཡོད། དུས་རྒྱུན་སྐབས་འགར་ཁོང་གཉིས་ཁ་རྩོད་ཤོར་གྱི་ཡོད་མོད། འོན་ཀྱང་ཕན་ཚུན་སྔར་བཞིན་མཛའ་ཞིང་བརྩི་པོ་ཡོད།
མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་འོས་པ་ཞིག་ནི། ཁོང་གཉིས་ཀས་ཕ་རོལ་པོའི་སྐད་ཆ་སྦྱངས་ནས་གླེང་མོལ་བྱེད་ཐུབ་པ་དེ་རེད།
ད་ཆ་ཧའོ་མིང་ཡུང་དང་ཚེ་རིང་ལྷ་མོས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད་ལ་ཁྱིམ་མཚེས་དང་ཡང་ཧ་ཅང་འཆམ་པོ་ཡོད།
“ཆུ་ཚན་ཁ་ནི་ས་ཆ་ཡག་པོ་ཞིག་རེད། ཡུལ་ལྗོངས་མཛེས་ལ་མི་རྣམས་གཞུང་དྲང་ཞིང་བབ་ཆགས་པོ་ཡོད། དེ་ནས་ཕེབས་སྐབས་ངའི་ཁྱིམ་དུ་སྡོད་པར་ཕེབས་ཤིག”ཅེས་པའི་ཧའོ་མིང་ཡུང་གི་ནང་མིའི་ལྷག་བསམ་ཟོལ་མེད་ཀྱི་མགྲོན་འབོད་ལ་ང་ཚོས་ལན་སློག་བཞིན་མུ་མཐུད་ལམ་ལ་ཆས། འགྲུལ་བཞུད་ལམ་དུ་ང་ཚོར་ད་དུང“བོད་རྒྱ་གཉེན་སྒྲིག”གི་གཏམ་རྒྱུད་སྙན་པོ་གཞན་ཞིག་ཐོས་བྱུང་།
འབྲེལ་ཡོད་གསར་འགྱུར།