དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པ་མེ་འཁོར་ནང་མཉམ་འཛོམས་བྱུང་བའི་དགའ་སྤྲོའི་རྣམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    འདི་ནི་མེ་འཁོར་ཐེངས་གྲངས་Y839ཡི་ཞབས་ཞུ་བས(གཡས་ཀྱི་དང་པོ)རང་འགུལ་ངང་འགྲུལ་པའི་དགོས་མཁོ་ཤེས་རྟོགས་དང་དཀའ་ངལ་སེལ་རོགས་བྱེད་བཞིན་པ།

    འདི་ནི་མེ་འཁོར་ཐེངས་གྲངས་Y839ཡི་ཞབས་ཞུ་བས་རྒྱལ་ཁོངས་གཞན་གྱི་འགྲུལ་པ་དང་མཉམ་དུ་པར་རྒྱག་བཞིན་པ།

    འདི་ནི་མེ་འཁོར་ཐེངས་གྲངས་Y839ཡི་འགྲུལ་པས་ཟས་འཁོར་ནང་བཤམས་པའི་ལྕགས་ལམ་གྱི་དངོས་རྫས་རྙིང་པར་ལྟ་བཞིན་པ།

    ལྷ་སའི་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་རབ་ཏུ་འཚེར། ཉེ་ཆར། ཆུ་ཚོད་20ལྷག་ཙམ་བསྐྱོད་རྗེས་ཟི་ལིང་ནས་ལྷ་སར་ཡོང་བའི་མེ་འཁོར་ཐེངས་གྲངས་Y839ཡི་ཡུལ་སྐོར་མེ་འཁོར་ལྷ་ས་བབས་ཚུགས་སུ་དལ་བུར་འབྱོར།

    ཉིན་དེའི་ཆུ་ཚོད་13ཙམ་ལ་མེ་འཁོར་ནག་ཆུ་བབས་ཚུགས་སུ་ཁ་བཀག འགྲུལ་པ་ཞིག་གིས་རྡོག་ཁྲེས་དྲུད་ནས་ཐད་ཀར་ཟས་འཁོར་ནང་འཛུལ་ཏེ་དེ་གར་བསྡད་ནས་ལྟོ་ཆས་མ་མངགས་པར་སྒུར་སྒུར་བྱས་ནས་སྒམ་ཁ་ཕྱེ་སྟེ་ཡུན་རིང་ཉར་ཚགས་བྱས་པའི་ལྕགས་ལམ་གྱི་དངོས་རྫས་རྙིང་པ་རེ་རེ་བཞིན་བཏོན་ནས་གྲལ་སྟར་འགྲིག་པོས་བཤམས། ཚོས་གཞི་ལོག་པའི་འདྲ་པར་རྙིང་པ་དང་། ལས་ཀའི་ལག་ཁྱེར་རྙིང་པ། ཡོ་བྱད་རྙིང་པ་སོགས་ཟས་འཁོར་གྱི་སྒྲོག་ཙེའི་ཐོག་བཀྲམ། “ད་ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་20འཁོར་བའི་ལོ་ཞིག་རེད། དེ་དག་བཏོན་དོན་ནི་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བས་མཚོ་བོད་ལྕགས་ལམ་གྱི་འཕེལ་རྒྱས་དང་འཕོ་འགྱུར་མཐོང་ཐུབ་པ་དང་མཁའ་ལམ་དེའི་འཕོ་འགྱུར་དང་གཟི་བརྗིད་ཤེས་སུ་འཇུག་ཆེད་ཡིན”ཞེས་ཉར་ཚགས་བྱེད་མཁན་ཧོ་ཀྲི་ཅུན་གྱིས་བཤད། ཁོང་ནི་ལྕགས་ལམ་དུ་ལས་ཀ་བྱས་ནས་ལོ་42སོང་བའི་ལྕགས་ལམ་པ་རྒན་གྲས་ཤིག་ཡིན་པ་དང་རྒན་ཡོལ་ཞུ་ཉེར་ཡོད་པ་རེད།

    ལོ་56ལ་སླེབས་པའི་ཁེ་ལི་ཧྲི་ནི་བཟའ་ཟླ་དང་བུ་མོ་ཁྲིད་ནས་ཀྲུང་གོར་ཡུལ་སྐོར་དུ་ཡོང་ཐེངས་དང་པོ་ཡིན་པ་དང་། ལྷ་ས་ནི་ཁོང་གི་རྒྱལ་སྒྲོལ་ཡུལ་སྐོར་གྱི་ས་ཚིགས་དང་པོ་དེ་རེད། དུས་ཡུན་རིང་པོའི་ནང་ཁོང་གིས་ཀྲུང་གོར་ཡོང་འདོད་ཐེངས་མང་བྱས་ཤིང་། ས་མཐོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཉམས་སུ་མྱོང་ཆེད་ཆེད་མངགས་མེ་འཁོར་ལ་བསྡད་དེ་བོད་དུ་ཡོང་། འགྲུལ་བཞུད་ཀྱི་མྱོང་ཚོར་སྐོར་གླེང་སྐབས་ཁེ་ལི་ཧྲིས་གད་མོ་དགོད་བཞིན་ལག་ཐོགས་ཁ་པར་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འགྲུལ་པ་པར་བརྒྱབ། རྒྱལ་ཁོངས་མི་འདྲ་བ་དང་། མི་རིགས་མི་འདྲ་བ། གྱོན་ཆས་སྣ་ཚོགས་གྱོན་པའི་འགྲུལ་པས་གཞས་གཏོང་བ་དང་གླེང་མོལ་བྱས། ཁོང་ཚོ་ཕན་ཚུན་རྒྱུས་མངའ་མེད་ནའང་དགའ་སྤྲོའི་འཛུམ་མདངས་དང་བརྩེ་སེམས་ཟབ་མོ་ལས་འཆམ་མཐུན་གྱི་རྣམ་པ་མངོན།

    “མེ་འཁོར་དེའི་ནང་ཐེ་ལན་དང་། དབྱིན་ཇི། ཨ་རི། རི་པིན་སོགས་རྒྱལ་ཁབ་7ནས་ཡོང་བའི་འགྲུལ་པ་30ལྷག་ཙམ་ཡོད་པ་དང་དབྱར་གསེང་རིང་གི་འགྲུལ་པ་མང་ཤོས་ཀྱི་དུས་སུ་ཡུལ་སྐོར་མེ་འཁོར་རེ་རེའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་བཅུ་གྲངས་ཡོད། ཟི་ལིང་འགྲུལ་སྐྱེལ་དུམ་བུའི་ཧྲང་ཧའེ་ནས་བོད་བར་གྱི་མེ་འཁོར་རུ་ཁག་གི་དུས་ཚིགས་རང་བཞིན་གྱི་ཡུལ་སྐོར་མེ་འཁོར་ཐེངས་གྲངས་Y839ལོ་ལྟར་གྱི་ཟླ་3པ་ནས་ཟླ་10པ་བར་རྒྱུན་རྣམ་ཅན་གྱི་སྒོ་ནས་གཏོང་གི་ཡོད”ཅེས་མེ་འཁོར་ཐེངས་གྲངས་Y839ཡི་མེ་འཁོར་འགོ་འཛིན་ཀའེ་མིང་ཅིང་གིས་བཤད།

    དུས་ཚིགས་རང་བཞིན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཡིན་ནའང་མེ་འཁོར་གྱི་ཞབས་ཞུ་ཧ་ཅང་ཡག་པོ་ཡོད། དབྱར་གསེང་རིང་གི་འགྲུལ་རྒྱུན་གྲུབ་ཆ་རྙོག་འཛིང་ཆེ་བ་དང་། རྒན་རྒོན་དང་བྱིས་པ་དང་དེ་བཞིན་ཕྱི་རྒྱལ་གྱི་འགྲུལ་པ་མང་བའི་ཁྱད་ཆོས་ལ་དམིགས་ནས་པན་དང་ཚོ་ཆུང་གིས“ཚོས་གསུམ་ལག་གདུབ”ཞབས་ཞུ་གསར་གཏོད་བྱས་པ་རེད། ལག་གདུབ་སེར་པོར་བྱིས་པའི་ཆ་འཕྲིན་དང་ལྟ་སྐྱོང་པའི་སྡོད་ས་བཀོད་པ་དང་། ལག་གདུབ་དམར་པོར་ནད་གཞི་ཕོག་པའི་འགྲུལ་པའི་གཟུགས་པོའི་གནས་ཚུལ་དང་ལྟ་རྟོག་བྱེད་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིབ་ཕྲ་བཀོད་པ། ལག་གདུབ་སྔོན་པོ་ནི་འགྲུལ་པ་རྒན་རྒོན་ལ་དབང་བ་དང་ལམ་ཐག་ཧྲིལ་པོར་ཞབས་ཞུ་བས་གཙོ་གནད་ཐོག་ལྟ་རྟོག་བྱེད་ཀྱི་ཡོད།

    ལེ་དབར་སྟོང་གི་མཁའ་ལམ་དུ་གང་སར་བརྩེ་བས་ཁེངས། འགྲུལ་བཞུད་རིང་། བོད་རིགས་མང་ཚོགས་གཡུ་སྐྱིད་ཀྱིས་བུ་མོ་ཚེ་རིང་དཔའ་མཚོ་འཁྲིད་ནས་མར་དང་ཞོ་བླུགས་པོའི་དོ་པོ་གཉིས་ཁྱེར་ཏེ་མེ་འཁོར་ནང་འཛུལ། “མེ་འཁོར་ལ་བསྡད་ན་བློ་བདེ་པོ་འདུག་ལ་ཡུལ་ལྗོངས་ལྟ་རྒྱུ་འདུག་པས་དངོས་གནས་སྐྱིད་པོ་འདུག ངས་འགྲོ་འོང་ཐེངས་བཅུ་གྲངས་བྱས་པ་ཡིན”ཞེས་ཚེ་རིང་དཔའ་མཚོས་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་གིན་ཟས་འཁོར་ནང་སྒྲིག་པའི་ལྕགས་ལམ་གྱི་དངོས་རྫས་རྙིང་པ་དག་ལ་ཞིབ་པར་བལྟས་ནས་དྲན་ཤེས་ནང་གི་ལོ་20ཡི་རིང་གི་ལྕགས་ལམ་གྱི་འཕོ་འགྱུར་ཆེན་པོར་མྱོང་ཚོར་བྱས།

    འགྲུལ་པ་མཇུག་ཤོས་དེ་མེ་འཁོར་ནས་བབས་རྗེས་འུར་སྒྲ་ཆེ་བའི་མེ་འཁོར་འབབ་ཚུགས་སླར་ཡང་ཁུ་སིམ་མེར་གྱུར། ཕྱོགས་བཞིའི་ཡུལ་སྐོར་བ་དུས་ཐུང་གི་ཐུག་འཕྲད་བྱུང་རྗེས་སླར་ཡང་རང་ཉིད་ཀྱི་འགྲུལ་བཞུད་ལམ་བུར་ཆས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།