ཆབ་མདོ་དཔའ་ཤོད་རྫོང་གི་གྲོང་ཚོ་ཁག་ཏུ་དོན་སྙིང་ལྡན་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་གླིང་བཞི་གྲོང་ཚོ་དང་། ནུད་པ་གྲོང་ཚོ། ཕུ་ལུང་གྲོང་ཚོ་བཅས་གྲོང་ཚོ་གསུམ་གྱི་ཏང་ཀྲི་པུས“སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། ཐོག་མའི་བསམ་འདུན་ལག་ལེན་བསྟར”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་མཉམ་དུ་སྤེལ་བ་རེད།
ཀྲུང་གོའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཡི་སྔ་ནུབ་ཏུ། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུ་བ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། “མཉམ་ལྔ་བརྟན་ལྔ”ཡི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གྲོང་འབྲེལ་ཏང་རྩ་འཛུགས་མཉམ་སྐྲུན་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བཅས་བྱ་ཆེད། རྫོང་དེའི་གླིང་དཀར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གླིང་བཞི་གྲོང་ཚོ་འགན་གཙང་ལེན་མཁན་བློ་མཐུན་བསོད་ནམས་མཚོ་མོའི་སྣེ་ཁྲིད་འོག་གྲོང་ཚོ་གསུམ་པོའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ཡོངས་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གི་ཁོངས་མི་ཡོངས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད།
སྤྱི་མཆོད་བྱེད་སྒོ་མཇུག་འགྲིལ་རྗེས་བྱེད་སྒོར་ཞུགས་མཁན་ཡོངས་དཔའ་ཤོད་རྫོང་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་ལ་བསྐྱོད་ཅིང་། གསལ་འགྲེལ་པའི་ཁྲིད་སྟོན་འོག་ཚང་མས་ལོ་རྒྱུས་ཀྱི་པར་རིས་དང་། ཚད་ལྡན་ཡིག་ཆའི་དཔྱད་ཡིག གསར་བརྗེའི་རིག་དངོས་བཅས་ལ་ནན་ཏན་ངང་བལྟས་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོ་བོད་དུ་བསྐྱོད་པ་དང་། ཁྲོན་བོད་གཞུང་ལམ་བསྐྲུན་པ། བོད་གསར་འཛུགས་སྐྲུན་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་མི་སེམས་འགུལ་བའི་བྱས་རྗེས་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་དུས་ཀྱི་འཕོ་འགྱུར་བརྒྱུད་མྱོང་བའི་གསར་བརྗེའི་རིག་དངོས་རེ་རེ་ལས་སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་དང་མི་རིགས་ཁག་གི་མང་ཚོགས་ཚོས་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་ཁྲོན་བོད་གཞུང་ལམ་བསྐྲུན་པའི་བརྗིད་ཆགས་ཡིད་དུ་འོང་བའི་ལོ་རྒྱུས་སྙན་ངག་གསོན་ཉམས་དོད་པོར་མངོན་པས། ཚང་མར“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
ལྟ་སྐོར་མཇུག་འགྲིལ་རྗེས། གྲོང་ཚོ་གསུམ་གྱི་ཏང་ཀྲི་པུས“རྩ་འཛུགས་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། བྱེད་སྒོ་མཉམ་གཉེར། འཕེལ་རྒྱས་མཉམ་སྐུལ། བཅོས་སྐྱོང་མཉམ་འགུལ”བཅས་ལ་དམིགས་ནས་མཉམ་སྐྲུན་གྱི་བཞུགས་མོལ་སྤེལ་རེས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།