དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གནའ་གྲོང་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས། དམངས་འཚོའི་དྲོ་སྐྱིད་ཟབ་མོ་གང་སར་མངོན།

    ——ལྷ་སའི་ལམ་ཟུར་སྤྱི་གླིང་70ལྷག་ཙམ་གྱིས་སྐར་མ་15ཡི་སྔོ་ལྗང་གི་དམངས་ཕན་འཁོར་རྒྱ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    “དེ་སྔ་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་འགྲམ་གྱི་ནོར་བུ་སྤྱི་གླིང་གི་ཁོར་ཡུག་ཟང་ཟིང་ཆེན་པོ་ཡོད། ད་ཆ་མེ་ཏོག་དང་རྩྭ་རྩི་ཤིང་ཡག་པས་དེ་གར་ངལ་གསོ་བརྒྱབ་ན་སྐྱིད་པོ་འདུག”ཅེས་གྲོང་མི་སྙིང་ཉེ་ཡིས་བརྗོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་ལམ་ཟུར་གྱི་ས་སྟོང་སྒྱུར་བཀོད་བྱས་ཏེ་བཟོ་བཀོད་ལེགས་པའི་ལམ་ཟུར་སྤྱི་གླིང་ཁག་གཅིག་བསྐྲུན་པ་དང་ཁྲོམ་གཞུང་དང་སྡེ་ཁུལ་དུ་སྔོ་ལྗང་མང་དུ་བཏང་སྟེ། གྲོང་ཁྱེར་གྱི་མཛེས་ལྗོངས་དང་གྲོང་མིའི་འཚོ་བ་མཉམ་འདྲེས་ཐུབ་པར་བྱས་ནས་གྲོང་མིའི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་་ཡོད།

    གྲོང་ཁྱེར་གྱི་སྐྱེ་ཁམས་ཀྱི་ཞན་ཆ་བསལ་ནས་སྡོད་མལ་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་མཐོ་རུ་གཏོང་ཆེད། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་འགྲོ་ལམ་སྔོ་ལྗང་རིམ་སྤོར་ལས་གྲྭ་དང་ཁུལ་ཆུང་རྙིང་པ་སྒྱུར་བཀོད་སོགས་ཀྱི་ལས་གྲྭའི་རྣམ་གྲངས་ལ་བརྟེན་ནས་གྲོང་ཁྱེར་གྱི་བེད་མེད་ས་ཆ་སྒྱུར་བཀོད་ཀྱིས་ཡུལ་བབ་དང་བསྟུན་ཏེ་ལམ་ཟུར་སྤྱི་གླིང་བསྐྲུན་པར་སྐར་མ་15ཡི་སྔོ་ལྗང་གི་དམངས་ཕན་འཁོར་རྒྱ་བཏོད་ཡོད། དེ་སྔའི་གྲོང་ཁྱེར་གྱི་ལམ་ཟུར་ད་ཆ་གྲོང་མི་ངལ་གསོ་རྒྱག་ས་དང་། ཁ་ལག་བཟས་རྗེས་འཆམ་འཆམ་བྱེད་ས། ཕྲུ་གུ་རྩེད་མོ་རྩེ་སར་རིམ་བཞིན་གྱུར་ཡོད།

    ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀའོ་ཡུན་ཅའོ་ཡིས“ཉེ་བའི་ལོ་གསུམ་རིང་ལྷ་ས་གྲོང་ཁྱེར་གྱིས་དུས་ཐེངས་གཉིས་ལ་དབྱེ་ནས་ལྗོན་ཤིང་འཛུགས་པ་སོགས་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་ལ་སྐུལ་འདེད་བཏང་ཞིང་། འགྲོ་ལམ་66སྒྱུར་བཀོད་བྱས་པ་དང་། དཔེ་སྟོན་ལམ་ཟུར་སྤྱི་གླིང་9བསྐྲུན་པ། ཚན་པ་2ཀྱི་སྔོ་ལྗང་རིམ་སྤོར་བྱས་པ། སྒྱུར་བཀོད་ཀྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་102ཟིན་ཡོད”ཅེས་ངོ་སྤྲོད་བྱས།

    རྒྱུན་མཐུད་འཆར་འགོད་དང་རྒྱས་སྐྲུན་བྱས་པ་བརྒྱུད། ད་ཆ་གྲོང་ཁྱེར་ཡོངས་སུ་ལམ་ཟུར་སྤྱི་གླིང་70ལྷག་ཙམ་ཡོད་པ་དང་། སྤྱི་གླིང་རྐྱང་པའི་རྒྱ་ཁྱོན་སྨི་ངོས་གྲུ་400ནས་ཁྲི་1བར་རྒྱ་བསྐྱེད་ཅིང་། མང་ཆེ་བ་ཁུལ་ཆུང་རྙིང་པའི་མཐའ་འཁོར་དང་སློབ་གྲྭའི་ཉེ་འགྲམ་དུ་གནས་པ་དང་། གྲོང་མིའི་རྒྱུན་གཏན་གྱི་ཕྱིར་སྐྱོད་སྤྲོ་གསེང་གི་དགོས་མཁོ་དང་འཚམ་པས། མང་ཚོགས་དེ་བས་མང་བའི་ཁྱིམ་གྱི་སྒོ་རྩར་སྔོ་ལྗང་གོས་ཀྱིས་བཀླུབས་ཡོད།

    ཐོབ་པར་དཀའ་བའི་ལྗང་ས་དེ་དག་ཕུགས་ཕན་ལམ་སྲོལ་གྱི་བདག་སྐྱོང་དང་ཁ་འབྲལ་ཐབས་མེད། ད་ཆ་ལམ་ཟུར་སྤྱི་གླིང་ཚང་མར་ཆེད་བསྐོས་བདག་སྐྱོང་བ་བཀོད་སྒྲིག་བྱས་པ་དང་ཡོངས་བསྒྲགས་བྱང་བུའི་ཐོག་བདག་སྐྱོང་བའི་འབྲེལ་གཏུག་ཁ་པར་ཨང་གྲངས་གསལ་པོ་བྲིས་ཡོད་པས། རྐུབ་སྟེགས་རིང་པོ་དང་ལམ་སྒྲོན་ལ་སྐྱོན་ཤོར་ཚེ་ཁ་པར་བརྒྱབ་ན་དུས་ཐོག་ཏུ་བཟོ་བར་ཡོང་གི་ཡོད།

    བདག་སྐྱོང་དཔུང་ཁག་ཁོ་ནར་བརྟེན་ན་ད་དུང་འགྲིག་ཐབས་མེད་ཅིང་། ཀའོ་ཡུན་ཅའོ་ཡིས“མང་ཚོགས་ཀྱི་སྒོ་འགྲམ་དུ་ལམ་ཟུར་སྤྱི་གླིང་བསྐྲུན་པ་ནི་ཚང་མས་མཉམ་སྤྱོད་ཐུབ་པའི་སྐྱེ་ཁམས་བར་མཐོངས་ཤིག་རེད། མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་ཆེད་ལས་དཔུང་ཁག་གི་རྒྱུན་གཏན་གྱི་བདག་སྐྱོང་དགོས་ལ་རྒྱ་ཆེའི་གྲོང་མིས་ཐུན་མོང་ཐོག་གཅེས་སྐྱོང་དེ་བས་བྱེད་དགོས”ཞེས་བརྗོད།

    འོ་རྒྱལ་ཐང་སྤྱི་གླིང་ཉེ་འགྲམ་གྱི་གྲོང་མི་ཚེ་སྒྲོན་གྱིས་རྟག་ཏུ་ཕྲུ་གུ་འཁྲིད་དེ་སྤྱི་གླིང་དུ་རྩེད་མོ་རྩེ་བར་ཡོང་གི་ཡོད། “འདིར་རྩྭ་དང་། ལྗོན་ཤིང་། མེ་ཏོག་བཅས་སྐྱེ་འཚར་ལེགས་པ་མ་ཟད། ད་དུང་ལུས་སྦྱོང་ཡོ་བྱད་ཀྱང་ཡོད་པས་ངས་ཉིན་ལྟར་ཕྲུ་གུ་ཁྲིད་ནས་འཆམ་འཆམ་བྱེད་པར་ཡོང་གི་ཡོད། ས་སྟེང་དུ་གད་སྙིགས་ཡོད་པ་མཐོང་ཚེ་ངས་ལག་ཞོར་དུ་སྒྲུག་གི་ཡོད། སྤྱི་གླིང་ནི་ཚང་མའི་ཡིན་པས་ང་ཚོས་མཉམ་དུ་གཅེས་སྤྲས་བྱེད་དགོས”ཞེས་ཚེ་སྒྲོན་གྱིས་མྱོང་ཚོར་ཟབ་མོས་བརྗོད།

    གོམ་སྟབས་རྗེས་མའི་འཆར་འགོད་སྐོར་གླེང་སྐབས། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་སྐྱེད་ཚལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་མིག་དམར་ཚེ་རིང་གིས་ཁྲོམ་གཞུང་དང་སྡེ་ཁུལ་དང་མཉམ་དུ་གྲོང་ཁྱེར་གྱི་བེད་མེད་ས་ཆ་ཕན་ཡོད་ས་ཆར་བསྒྱུར་ནས་ལམ་ཟུར་སྤྱི་གླིང་འཛུགས་སྐྲུན་གྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་སྔོ་ལྗང་དང་རླངས་འཁོར་འཇོག་སའི་བར་མཐོངས་མཉམ་འདུས་བེད་སྤྱོད་བྱེད་སྟངས་འཚོལ་ཞིབ་བྱས་ནས་གྲོང་ཁྱེར་གྱི་ས་ཆ་དཀོན་པའི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་དེ་བས་མང་བས“སྒོ་དོན་མ་ཐག་སྔོ་ལྗང་མཐོང་རྒྱུ་ཡོད་པ་དང་། ལམ་ཟུར་དུ་མཛེས་ལྗོངས་མཐོང་རྒྱུ་ཡོད་པ། ཐག་ཉེ་སར་སྤྲོ་གསེང་ཐུབ་པ”བཅས་མངོན་གྱུར་ཐུབ་པར་བྱས་ཏེ། གྲོང་ཁྱེར་གྱི་ལམ་ཟུར་དུ་ཁ་ཐོར་དུ་གནས་པའི་སྤྱི་གླིང་ཆུང་ངུ་དེ་དག་ལ་བརྟེན་ནས་ས་མཐོའི་གནའ་གྲོང་ལ་དམངས་འཚོའི་དྲོ་སྐྱིད་དེ་བས་མང་བ་སྣོན་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།