ནག་ཆུ་གྲོང་ཁྱེར་གྱིས“ཐད་གཏོང་ལྔར”བརྟེན་ནས་ཞིང་འབྲོག་པའི་སྒོ་རྩར་ཁྲིམས་སྐྱོང་ཞབས་འདེགས་ཞུས་པ།
སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་ཁ་ཕྱེ་ནས་ཨང་རྟགས་བཤེར་ཚེ་བཅའ་ཁྲིམས་བློ་འདྲི་དང་གཞུང་དཔང་བདག་སྤྲོད་ཀྱི་ལས་དོན་འཕྲལ་མར་གཉེར་ཆོག་པ་དང་། ཤང་དང་གྲོང་རྡལ་གྱི་ཁྲིམས་འཛིན་སུའོ་རུ་སྐྱོད་སྐབས། རིག་ནུས་མཐའ་སྣེའི་འཕྲུལ་ཆས་ཞིག་གི་བརྙན་ལམ་ཐོག་ནས་ཁྲིམས་རྩོད་པ་དང་འབྲེལ་གཏུག་བྱེད་ཆོག་པ་དང་མཐེབ་བཀྱག་གཅིག་གིས་བཅའ་ཁྲིམས་ཡིག་ཆ་བཟོ་ཐུབ་སྟེ་ནག་ཆུར་གཞི་རིམ་མང་ཚོགས་ཀྱིས་བཅའ་ཁྲིམས་ལ་བརྟེན་རྒྱུ་དེ“རི་ཀླུང་བརྒལ་བ”ནས“མཛུབ་རྩེའི་བཀོལ་སྤྱོད་ཐུབ་པའི”བར་འགྱུར་ལྡོག་བྱུང་ཡོད།
ཉེ་ཆར། གསར་འགོད་པར་ནག་ཆུ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར། ནག་ཆུ་གྲོང་ཁྱེར་དེ་ཉིད་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་མི་འདང་བ། ཁྱབ་ཚུལ་དོ་སྙོམས་མེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཁོ་སྤྲོད་ཧེ་བག་མངོན་གསལ་དོད་པ་བཅས་ཀྱི་རྐྱེན་པས་གཞི་རིམ་མང་ཚོགས་ལ་སྐབས་ཤིག་རིང་བཅའ་ཁྲིམས་ཐད་ཀྱི་དཀའ་གནད་ཆེན་པོ་ཡོད། དཀའ་གནད་དེ་སེལ་ཆེད། ནག་ཆུ་གྲོང་ཁྱེར་གྱིས“དྲ་ཐོག་ཚོམས་ཆེན་དང་། རིག་ནུས་མཐའ་སྣེ། རྒྱང་ཁྲིད་བགྲོད་ལམ། སྒོ་རྩར་ཞབས་ཞུ། སྐོར་སྐྱོད་ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་ཕྱོགས་ལྔ་གཞི་གཅིག་གི“ཐད་གཏོང་ལྔའི”ལས་དོན་སྤེལ་ཐབས་ཁྱབ་གདལ་བཏང་ནས“དངོས་ཚན་ཐ་སྐྱོང་དང་། དྲ་རྒྱ་རྒྱ་སྐྱེད། ཐད་སྦྲེལ་ཁ་པར་འབྲེལ་མཐུད། སྐོར་སྐྱོད་སྟོང་ཆ་གསབ་པ”བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་བཀོད་པ་ཞིག་རགས་ཙམ་ཆགས་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་ནས་སྦར་མཐིལ་ཞབས་ཞུའི་ཚོམས་ཆེན་བསྐྲུན་པ་དང་། མང་ཚོགས་ཀྱིས་ཨང་རྟགས་བཤེར་ཚེ་དེ་འཕྲལ་མར་སྤྱོད་ཐུབ་པས་བཅའ་ཁྲིམས་ཀྱི་ཞབས་ཞུ་ཉིན་གང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། སྦར་མཐིལ་ཞབས་ཞུའི་ཚོམས་ཆེན་བཙུགས་ཚུན། རིམ་རྩིས་བརྒྱབ་ན་འཚམས་འདྲི་བྱེད་ཚད་ཐེངས་ཁྲི་3.7ལྷག་ཙམ་ཟིན་ཡོད། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་རིག་ནུས་མཐའ་སྣེའི་འཕྲུལ་ཆས་53བཙུགས་པ་དེ་ཤང་དང་གྲོང་རྡལ་ཁག་གི་ཁྲིམས་འཛིན་ཁང་ལ་ཁྱབ་ཡོད།
དེས་མ་ཚད་ནག་ཆུ་གྲོང་ཁྱེར་གྱིས་ད་དུང་རྒྱང་ཁྲིད་བརྙན་ལམ་གྱི་གཞུང་དཔང་བགྲོད་ལམ་བཏོད་དེ་དུས་གཅིག་ཏུ་སྒོ་རྩར་ཁ་ཆད་བྱེད་པའི་གཞུང་དཔང་ཞབས་ཞུ་ཁྱབ་གདལ་བཏང་ནས། རྒན་རྒོན་དང་། ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན་བཅས་ཀྱི་ཚོགས་སྤྱིར་གཙོ་གནད་ཁྱབ་པར་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་གཞུང་དཔང་གི་ལས་དོན་ཁག་607བསྒྲུབས་ནས་མང་ཚོགས་འགུལ་སྐྱོད་བྱེད་མི་དགོས་པར་གྲངས་གཞི་ལས་མངོན་པ་དང་དམིགས་བསལ་ཚོགས་སྤྱི་འགྲོ་སྐྱོད་བྱེད་མི་དགོས་པ་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།