ས་མཐོའི་ཀུ་ཤུ་མ་སྨིན་གོང་ཝུའུ་ཧན་ཁྲོམ་རའི་མངགས་ཐོ་འབྱོར་བ།
——ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་སྡོང་ཐུང་ཀུ་ཤུ་བོད་སྐྱོར་གྱི་གོ་སྐབས་བཟང་པོར་བརྟེན་ནས་ཝུའུ་ཧན་དུ་བཙོངས་པ།

འདི་ནི་རྟེན་གཞིའི་ལས་དོན་པས་སྡོང་ཐུང་ཀུ་ཤུའི་སྡོང་པོར་ཡལ་བཞུར་རྒྱག་པ་དང་ཀུ་ཤུ་འཐུ་བཞིན་པ།
སྟོན་དུས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་པའི་རྩེད་ཐང་དུ་ཉི་འོད་རབ་ཏུ་འཚེར་ཞིང་། རྩེད་ཐང་ཁྲོམ་གཞུང་སྟར་ཤིང་སྡེ་ཁུལ་གྱི་སྡོང་ཐུང་ཀུ་ཤུ་དམར་ཐིང་ཐིང་ཆགས་ཏེ་སྨིན་ཉེར་ཡོད་ཅིང་། ཀུ་ཤུ་རྦད་དེ་སྨིན་ཚར་མེད་ནའང་ཝུའུ་ཧན་གྱི་མངགས་ཐོ་སྔ་ས་ནས་འབྱོར་ཟིན་ཡོད།
ཉིན་ཤང་གོང་སྣེ་གདོང་ཆུས་ཞིང་ལས་ཐོན་ཟོག་གི“བོད་ཟོག་བོད་ནས་ཕྱིར་གཏོང”(བོད་ལྗོངས་ལྷོ་ཁའི་ཀུ་ཤུ། ཉི་འོད་ཤིང་འབྲས)གི་གན་འཇོག་མཛད་སྒོ་སྟར་ཤིང་སྡེ་ཁུལ་གྱི་ཀུ་ཤུའི་རྟེན་གཞིར་གཉེར་ཞིང་། ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་སྐུལ་འདེད་འོག་བོད་ལྗོངས་མེ་ཚུང་འཚོ་བའི་ཚན་རྩལ་ཚད་ཡོད་ཀུང་སི་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མུའུ་ཤིང་ཐེན་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་བོད་ལྗོངས་ལྷོ་ཁ་ཡར་ཀླུང་མ་འཇོག་ཚད་ཡོད་ཀུང་སི(གཤམ་དུ་ཡར་ཀླུང་མ་འཇོག་ཞེས་བསྡུ་རྒྱུ)དང་གན་རྒྱ་བཞག་ཡོད། ད་རེས་གན་རྒྱ་བཞག་པའི“ཉི་འོད་ཤིང་འབྲས”ཕྱིར་གཏོང་བསྡོམས་འབོར་རྒྱ་མ་ཁྲི་21ཟིན་ཡོད། ཁག་དང་པོར་ཀུ་ཤུ་རྒྱ་མ་ཁྲི་1.5སྣེ་གདོང་ཆུས་ནས་ཝུའུ་ཧན་གྲོང་ཁྱེར་དུ་དབོར་བ་མ་ཟད། ད་དུང་ཝུའུ་ཧན་ཁྲོམ་རའི་འབྲི་ཆུའི་ནན་འདེམས་ལས་སྟེགས་ཀྱིས་གསར་དུ་བཙུགས་པའི་ཚོང་པ་མེད་པའི་སྒོ་རྩིས་ཚོང་ཁང་དུའང་བཏོན་ཡོད།
ཡར་ཀླུང་མ་འཇོག་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོ་སྣེ་གདོང་ཆུས་ཀྱི་སྡོང་ཐུང་ཀུ་ཤུ་སྐྱེ་འཚར་ཡག་པོ་བྱུང་བ་དང་། སྔོན་དཔག་བྱས་ན་ལོའི་ཐོན་འབབ་རྒྱ་མ་ཁྲི་32ལྷག་ཟིན་རྒྱུ་རེད། ད་རེས་མངགས་ཐོ་ཉོ་སྒྲུབ་ཀྱི་ལས་དོན་སྔ་བསྣུར་དུ་སྤེལ་བས། ཤིང་འབྲས་འདེབས་མཁན་ཞིང་པ་རྣམས་བློ་བདེ་པོ་བྱུང་ཡོད་ལ། ཀུ་ཤུ་འཐུ་བ་དང་། དབྱེ་བ་ཕྱེ་བ། ཐུམ་སྒྲིལ་རྒྱག་པ། སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ལྷུ་ཚིགས་ཀྱང་སྔོན་ཚུད་ནས་གྲ་སྒྲིག་ཟིན་ཡོད།
སྟར་ཤིང་སྡེ་ཁུལ་གྱི་ཀུ་ཤུའི་རྟེན་གཞིའི་ལག་རྩལ་པས་གསར་འགོད་པར་རྟེན་གཞིའི་ཀུ་ཤུར་བཞུ་ནུས་སྲ་གཟུགས་དངོས་པོ་དེ་ལྗོངས་ཕྱིའི་སྣ་ཁ་གཅིག་པ་ལས་ཆ་སྙོམས་བྱས་ན་བརྒྱ་ཆའི་གྲངས་3ནས་4བར་གྱིས་མང་བ་ཡོད་པ་དང་། སྨུག་ཕྱིའི་འོད་འཕྲོ་ཤུགས་ཆེ་བས་མདོག་ཁ་ལེགས་པའི་ཚད་གཞི་དེ་90%ཟིན་ནས་རང་བྱུང་གི་དམར་མདངས་ཤིག་གྲུབ་ཡོད། དེ་དང་ཆབས་ཅིག་ས་མཐོའི་སྐམ་ཤས་དང་གྲང་ཟུག་ཆེ་བའི་གནམ་གཤིས་ཀྱིས་ནད་དང་གནོད་འབུའི་གནོད་འཚེ་དེ་ཙམ་མེད་པ་དང་། འཁྱག་རོམ་བཞུར་བའི་ཆུ་མོ་བཏང་བས་ཤིང་ཏོག་ལ་ལྷད་མེད་པའི་ཚད་ཉུང་གཞི་རྒྱུ་ལྕགས་དང་། ཏི་ཚ། ཀལ། ཅཱ་སོགས་མང་པོ་འདུས་པ། འདེབས་འཛུགས་བྱེད་རིང་རྫས་ལུད་དང་ཞིང་སྨན་ཉུང་ངུ་ལས་སྤྱད་མེད་པས་ལྗང་མདོག་སྐྱེ་ལྡན་གྱི་ཚད་གཞི་དང་མཐུན་ཡོད་ཅེས་བཤད།
སྡོང་ཐུང་ཀུ་ཤུའི་ཐོན་ལས་ནི་སྣེ་གདོང་ཆུས་ཀྱི་སྐྱེ་ཁམས་ཐོན་ལས་དང་དམངས་ཕྱུག་ཐོན་ལས་ཤིག་རེད། སྣེ་གདོང་ཆུས་ཀྱིས་ཉེ་བའི་ལོ་ཤས་རིང་ཡར་ཀླུང་གཙང་པོའི་ལུང་གཞུང་གི་བྱེ་ཐང་དང་ཐང་རྒོད་ལ་བརྟེན་ནས་བྱེ་བཅོས་དང་། ལས་དར། དམངས་ཕྱུག་བཅས་ཀྱི་བྱ་ཐབས་བརྒྱུད་སྡོང་ཐུང་ཀུ་ཤུ་འདེབས་རྒྱུར་སྐུལ་འདེད་བཏང་བས། དེ་སྔའི་ཐང་རྒོད་དག་ད་ཆ་ཤིང་འབྲས་ར་བར་གྱུར་ནས་བྱེ་རླུང་འཇགས་ཏེ་ལུང་གཞུང་གི་སྐྱེ་ཁམས་སླར་གསོ་ཐུབ་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
ད་ཐེངས་ཀྱི“བོད་ཟོག་བོད་ནས་ཕྱིར་གཏོང”གི་གན་རྒྱ་བཞག་པ་དེ་ནི་འཛད་སྤྱོད་བོད་སྐྱོར་དང་ཐོན་ལས་བོད་སྐྱོར་གྱི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད་ལ། ཧུའུ་པེ་དང་བོད་ཀྱི་ཐོན་ཚོང་སྦྲེལ་མཐུད་ཀྱི་གཉིས་མོས་མཉམ་འབད་ཀྱི་བྱ་ཐབས་ཤིག་ཀྱང་རེད། སྣེ་གདོང་ཆུས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཆུས་ཀྲང་གཞོན་པ། ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་རུ་དཔོན་ཝང་པོ་ཡིས། ད་ཐེངས་གན་རྒྱ་འཇོག་རྒྱུ་གོ་སྐབས་སུ་བྱས་ནས་བོད་སྐྱོར་ལས་དོན་རུ་ཁག་གི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་བཏོན་ཏེ། སྣེ་གདོང་གི་ཞིང་ལས་ཁྱད་ལྡན་ཐོན་ཟོག་བོད་ནས་ཕྱིར་ཚོང་གི་བགྲོད་ལམ་རྒྱུན་མཐུད་བཏོད་ནས། “བོད་ཀྱི་སྤུས་ལེགས་ཐོན་ཟོག”དེ་བས་མང་བ་ཧུའུ་པེའི་ཝུའུ་ཧན་དང་རྒྱལ་ཡོངས་སུ་འཚོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།