“ཞི་བདེ་རྒྱ་མཚོ་ཆེ་མོ་བརྒལ་བའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད་དགོས”

འདི་ནི་ཀྲུང་གོ་དང་ཨ་རིའི་སྤོ་ལོ་རྒྱག་མཁན་ཚོས“ཨ་ནེའི་ལན་ཆིའུ་སྤོ་ལོའི”འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར། ཨ་རིའི་ཡིའུ་ཐ་ཀྲོའུ་ཝ་ཧྲེང་ཐོན་གྲོང་ཁྱེར་ཧྲེན་ཧུང་ཡ་མཐོ་རིམ་སློབ་འབྲིང་གི་ལུས་རྩལ་ཁང་དུ་དམིགས་བསལ་གྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཞིག་བྱས་ཤིང་། ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཁྲོད་ཀྲུང་གོའི་ཀུའེ་ཀྲོའུ་ཡི“ཨ་ནེའི་ལན་ཆིའུ་སྤོ་ལོའི”རུ་ཁག་དང་ཧྲེན་ཧུང་ཡ་མཐོ་རིམ་སློབ་འབྲིང་གི་སློབ་གྲྭའི་བུད་མེད་རུ་ཁག་དབར་མཛའ་གྲོགས་འགྲན་བསྡུར་གྱིས་ལན་ཆིའུ་སྤོ་ལོའི་ལུས་རྩལ་གྱི་སྤྲོ་སྣང་མཉམ་སྤྱོད་བྱས་པ་རེད། འགྲན་བསྡུར་མཇུག་འགྲིལ་རྗེས། ལྟད་མོ་བ་རྣམས་སྤོ་ལོའི་འགྲན་བསྡུར་བྱ་ཡུལ་དུ་འཛུལ་ནས་སྤོ་ལོ་རྒྱག་མཁན་དང་མཉམ་དུ་ལུའུ་ཧྲེང་ཞབས་བྲོ་འཁྲབ་པ་རེད།
“ཨ་ནེའི་ལན་ཆིའུ་སྤོ་ལོ”ནི་ཀུའེ་ཀྲོའུ་ལེ་ཧྲན་མེའོ་རིགས་གྲོང་ཚོའི་ཁྱད་ལྡན་གྱི་དམངས་ཁྲོད་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་ཞིག་རེད། མེའོ་རིགས་གྲོང་ཚོས་ཕྱིར་མནའ་མར་བསྟེར་ནས་ཕ་ཡུལ་དུ་ལོག་པའི་བུད་མེད་ལ“ཨ་ནེ”ཞེས་འབོད་པ་དང་། “ཨ་ནེའི་ལན་ཆིའུ་སྤོ་ལོ”ནི་དང་ཐོག་ཕ་ཡུལ་དུ་ལོག་པའི་བུད་མེད་ཀྱི་སྤྲོ་གསེང་རོལ་རྩེད་བྱེད་སྒོ་ཞིག་ཡིན་ཞིང་། ད་ཆ་ཀུའེ་ཀྲོའུ་ཡི་གྲོང་གསེབ་ཀྱི་གསོན་ཤུགས་མངོན་པའི་བཀྲག་མདངས་འཚེར་བའི་མིང་བྱང་ལྟ་བུར་གྱུར་ཡོད།
ཟླ་9པའི་ཟླ་མཇུག་ནས་ཟླ་10པའི་ཟླ་སྟོད་བར། “ཨ་ནེའི་ལན་ཆིའུ་སྤོ་ལོའི”འཐུས་མི་ཚོགས་པས་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་ཀྲོའུ་དང་། ནེ་ཧྭ་ཏ་ཀྲོའུ། ཡིའུ་ཐ་ཀྲོའུ་བཅས་དང་། དེ་བཞིན་ཝ་ཧྲེང་ཐོན་ཀྲོའུ་སོགས་སུ་ས་གནས་དེ་གའི་སློབ་གྲྭ་དང་སྡེ་ཁུལ་དང་མཉམ་དུ་ལུས་རྩལ་དང་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་རེད། ཧྲེན་ཧུང་ཡ་མཐོ་རིམ་སློབ་འབྲིང་གི་འགྲན་བསྡུར་དེ་ནི་དེའི་ཁྲོད་ཀྱི་སྤེལ་རེས་བྱེད་སྒོ་ཞིག་ཡིན་པས་ཨ་རིའི་སློབ་མ་བརྒྱ་ལྷག་ཙམ་འགྲན་བསྡུར་བྱ་ཡུལ་དུ་ལྟད་མོ་ལྟ་བར་ཡོང་བའི་ཡིད་དབང་བཀུག་ཡོད།
འབྲེལ་ཡོད་གསར་འགྱུར།