དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • དུས་རབས་ཕྱེད་ཀ་ལྷག་ཙམ་འབྲེལ་བ་ཆད་པའི་གྲོགས་པོ་རྙིང་པ་དང་སླར་ཡང་འབྲེལ་བ་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-15

    “ཝེ། ཁྱེད་རང་ནོར་བུ་ཡིན་པས”

    “ང་ནོར་བུ་ཡིན”

    “གྲོང་ཚོ་ནས་ཁ་བྲལ་ཏེ་ལོ་མང་སོང་བས་ཁྱེད་ཚོ་ཧ་ཅང་དྲན་གྱི་འདུག”

    2026ལོའི་དབྱར་ཁར། སི་ཁྲོན་པཱ་ཀྲུང་ཐུང་ཅང་རྫོང་ཁྲང་ཕིང་གྲོང་རྡལ་ཡུང་ཧྲན་ཕོ་གྲོང་ཚོར་ལོ་86ལ་སླེབས་པའི་ཧྲའོ་ཅི་ཆིང་དང་དུས་རབས་ཕྱེད་ཀ་ལྷག་ཙམ་འབྲེལ་བ་ཆད་པའི་བོད་རིགས་གྲོགས་པོ་རྙིང་པ་ནོར་བུ་དང་འབྲེལ་བ་ཐུབ་ཡོད།

    1964ལོར། ལོ་24ལ་སླེབས་པའི་ཧྲའོ་ཅི་ཆིང་གིས་དམག་དཔུང་ནང་ཞུགས་རྒྱུའི་འབོད་སྐུལ་དང་ལེན་ཞུས་ནས་བོད་ལྗོངས་ས་མཐོའི་དཔུང་སྡེར་དམག་སྐུལ་དང་ལེན་ཞུ་བར་བསྐྱོད།

    1967ལོར། ལོ་27ལ་སླེབས་པའི་ཧྲའོ་ཅི་ཆིང་གིས་བཀའ་ལྟར་རང་ཉིད་གཅིག་པུ་སྟེང་ཆེན་རྫོང་ལྷ་མཐོང་གྲོང་ཚོར་བསྐྱོད་དེ་མང་ཚོགས་ལ་མའོ་ཙེ་ཏུང་གི་དགོངས་པ་དྲིལ་བསྒྲགས་དང་། གྲོང་ཚོའི་བརྟན་ལྷིང་སྲུང་སྐྱོང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བཅས་བྱེད་པའི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཡོད།

    ས་མཐོའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་མེད་པ་དང་རི་ཚོགས་ཀྱིས་བཏུམས་པས་བོད་རིགས་མང་ཚོགས་མི་ཉུང་བ་ཞིག་གིས་བོད་སྐད་ཁོ་ན་ལས་ཤེས་ཀྱི་མེད་སྟབས་སྐད་བརྡ་མི་འཕྲོད་པ་དེ་ལས་དོན་སྤེལ་བའི་དཀའ་གནད་ཆེ་ཤོས་སུ་གྱུར་ཡོད། ཧྲའོ་ཅི་ཆིང་དང་ན་མཉམ་ཡིན་པའི་ནོར་བུ་ནི་གྲོང་ཚོའི་ནང་རྒྱ་སྐད་ཤེས་མཁན་ཉུང་ཤས་ཀྱི་གྲས་ཤིག་རེད། ཧྲའོ་ཅི་ཆིང་གིས་སྐད་བརྡ་མི་འཕྲོད་པའི་དབང་གིས་ལས་དོན་སྤེལ་བར་དཀའ་ངལ་ཆེན་པོ་འཕྲད་པ་ཤེས་རྗེས་ནོར་བུས་རང་འགུལ་ངང་གནས་སྐབས་སྐད་སྒྱུར་བ་བྱས་ཏེ་དམག་དམངས་དབར་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ཞིག་བཙུགས། ཁོང་གཉིས་མཉམ་དུ་གྲོང་ཚོ་དང་འབྲོག་ཁུལ་ཚང་མར་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་དང་དམངས་ཀྱི་གནས་ཚུལ་བསྡུ་རུབ་བྱས་པ་དང་། ནོར་བུས་སྐད་སྒྱུར་དང་སྣེ་ཤན་པ་ཧུར་ཐག་བྱས་ཏེ་ཏང་གི་སྲིད་ཇུས་ས་མཐོའི་གྲོང་གསེབ་ཏུ་དྲིལ་བསྒྲགས་བྱས།

    ཡུན་རིང་མཉམ་གཤིབ་བྱས་རྗེས་ཧྲའོ་ཅི་ཆིང་གིས“བཅིངས་འགྲོལ་དམག་མི”སོགས་བོད་སྐད་སྟབས་བདེ་ཁ་ཤས་རྒྱག་ཤེས་པ་མ་ཟད། ས་གནས་དེ་གའི་ཁ་ལག་ལ་རིམ་བཞིན་དགའ་པོ་ཆགས། “ད་ཆ་གོ་སྐབས་བྱུང་ཚེ་དེ་གའི་ཤ་དང་ཇ་བསྲུབས་མ་ཉོ་འདོད་འདུག”ཅེས་པ་སོགས་ཀྱི་སྐད་ཆ་ཁོང་གིས་ད་ཆའང་གསལ་པོར་ངེས་ཀྱི་ཡོད།

    1970ལོའི་ཟླ་7པར། ཧྲའོ་ཅི་ཆིང་གིས་དམག་སྐུལ་དང་ལེན་ཞུ་བའི་ལས་འགན་ལེགས་སྒྲུབ་བྱས་ཏེ་དམག་ཞབས་ཐིམས་ནས་ཕ་ཡུལ་དུ་ལོག དེ་ནས་བཟུང་ནོར་བུ་དང་འབྲེལ་བ་ཆད།

    སྤོ་བོ་ལགས་ཀྱི་ཕུགས་འདུན་འགྲུབ་ཆེད། ཚ་མོ་ཧྲའོ་ཧུའེ་ཡིས་འབྲེལ་ཐག་ཆད་ནས་དུས་རབས་ཕྱེད་ཀ་ཙམ་སོང་བའི་བོད་རིགས་གྲོགས་པོ་རྙིང་པ་ཁོང་འཚོལ་རྒྱུའི་སེམས་ཐག་བཅད། ཁོང་གིས་ལྷ་མཐོང་གྲོང་ཚོའི་འབྲེལ་ཡོད་ཆ་འཕྲིན་ཐེངས་མང་བཙལ་ནས་ས་གནས་དེ་གའི་ཚོང་ཁང་དང་སྣུམ་སྣོན་ས་ཚིགས་སོགས་ལ་ཁ་པར་བརྒྱབ་ཀྱང་འབྲེལ་བ་གཏན་ནས་བྱེད་ཐུབ་མེད། འོན་ཀྱང་ཁོང་གིས་ལས་ཀ་དེ་མཚམས་འཇོག་བྱེད་མྱོང་མེད། མཐར་ཁོང་གིས་སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་ལ་ཁ་པར་བརྒྱབ་ནས་ལོ་མང་སོང་བའི་དམག་དམངས་ཀྱི་སྔར་སོང་གནས་ཚུལ་དེ་གླེང་བ་རེད།

    ལོ་60ཙམ་སོང་རྗེས་རི་ཀླུང་མང་པོས་ཆོད་ཡོད་ནའང་སླར་ཡང་འབྲེལ་བ་བྱུང་ཡོད། ཁ་པར་ནས་འབྲེལ་གཏུག་ཐུབ་རྗེས་ཧྲའོ་ཅི་ཆིང་གིས་སེམས་འགུལ་ཆེན་པོས“ཝེ། ཁྱེད་རང་ནོར་བུ་ཡིན་པས། གྲོང་ཚོ་དང་ཁ་བྲལ་ནས་ལོ་བཅུ་ཕྲག་ཁ་ཤས་སོང་བས་ཁྱེད་རང་རྟག་ཏུ་དྲན་གྱི་འདུག དེ་སྔ་ཁྱོད་ཀྱིས་ངར་རོགས་པ་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་རང་གཟུགས་པོ་བདེ་པོ་ཡིན་ནམ”ཞེས་དྲིས། ཁ་པར་གྱི་གཞོགས་གཞན་ནས་ནོར་བུས་འཕྲལ་མར་གྲོགས་པོ་རྙིང་པའི་ཉེ་དུས་ཀྱི་གནས་ཚུལ་སྐད་ཆ་དྲིས། ཁ་པར་རྒྱག་རིང་ཧྲའོ་ཅི་ཆིང་གིས་སྔར་སོང་གནས་ཚུལ་ལ་ཕྱིར་དྲན་བྱེད་ཀྱིན་སེམས་འགུལ་ཚད་མེད་ཐེབས། ནོར་བུ་ཡང་སེམས་འགུལ་དང་དགའ་ཚོར་ཆེན་པོ་བྱུང་ཞིང་། སྐབས་དེ་དུས་གྲོང་ཚོར་བཅའ་སྡོད་བྱེད་པའི་གནས་ཚུལ་དག་མིག་ལམ་དུ་འཆར་བ་དང་སླར་ཡང་སྐབས་དེར་ལོག་པ་ལྟ་བུའི་ཚོར་སྣང་བྱུང་། ཁོང་གཉིས་ཀྱིས་སླད་ཕྱིན་ལུའུ་ཏིང་དུ་འཛོམས་ཏེ་སླར་ཡང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཁ་ཆད་བྱས།

    དེ་སྔ་ས་མཐོར་བཅའ་སྡོད་བྱེད་མཁན་གཞོན་ནུ་གཉིས་ད་ཆ་ལོ་བརྒྱད་ཅུ་དགུ་བཅུའི་རྒན་རྒོན་དུ་གྱུར་ཡོད། སྐབས་དེ་དུས་གནས་སྐབས་སྐད་སྒྱུར་གྱི་འགན་འཁུར་མཁན་ནོར་བུས་ལས་ལ་ཧུར་བརྩོན་ཆེ་བའི་སྤྱོད་ཚུལ་ལ་བརྟེན་ནས་སྟེང་ཆེན་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གི་ལས་གནས་བར་ལས་ལ་གཞོལ་རྗེས་གཟི་བརྗིད་ངང་རྒན་ཡོལ་ཞུས། ད་ཆ་ཁོང་གི་ཁྱིམ་ཚང་འཆམ་མཐུན་ཡིན་ལ་བུ་རབས་ཚ་རྒྱུད་ཀྱིས་ཁེངས་ནས་ཚེ་མཇུག་བདེ་ལ་རོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།