དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནས་ཨན་ཧུའེ་བར་ཐོན་རྫས་སོས་པ་མཁའ་ཐོག་ནས་དབོར་བའི་བགྲོད་ལམ་ཐོག་མ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-15

    ཟླ་10ཚེས་11ཉིན། བོད་ལྗོངས་ནས་ཧོ་ཧྥེར་ཐད་གཏོང་གི་ཐོན་རྫས་སོས་པ་མཁའ་ཐོག་ནས་དབོར་བའི་བགྲོད་ལམ་ཐོག་མ་ཤར་གཏོང་ཐུབ་ཅིང་། ཁག་དང་པོར་ཁྱོན་དོ་པོ་114དང་སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ་1146ཡོད་པའི་ས་མཐོའི་ཚགས་ཤ་དང་། ནས། སྦྲང་རྩི་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་བཏང་ཞིང་། ལྷ་ས་ནས་ཁྲེང་ཏུའུ་ཡི་ཧྲོང་ལིའུ་བར་དང་དེ་ནས་ཧོ་ཧྥེ་བར་གྱི་མཁའ་ལམ་བརྒྱུད་ཆུ་ཚོད་24ཡི་ནང་སྐྱེལ་འདྲེན་བྱས་པ་རེད།

    ད་ཐེངས་ཀྱི་མཉམ་ལས་དེ་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་སྣེ་ཁྲིད་བྱས་པ་དང་། སྣ་དཀར་རྩེ་་ཧུའེ་བོད་ཞིང་འབྲོག་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་ཨན་ཧུའེ་ཞིང་ཆེན་མཁའ་འགྲུལ་ཟོག་འགྲུལ་ཚད་ཡོད་ཀུང་སི་གཉིས་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ས་ཁོངས་སྒྲོལ་བའི་ཐོན་རྫས་སོས་པ་སྐྱེལ་འདྲེན་གྱི་བགྲོད་ལམ་ཐུན་མོང་ཐོག་བཏོད་པ་རེད། ཟོག་འདྲེན་ས་ཚིགས་ཀྱི་ཆེད་གཏོགས་གྲང་ཕྲེང་ལས་སྒྲུབ་ཁུལ་དུ་ཁག་དང་པོའི་ཐོན་རྫས་ལ་ཞིབ་བཤེར་བྱས་རྗེས། ཆེད་གཏོགས་བདེ་འཇགས་ཞིབ་བཤེར་བགྲོད་ལམ་དང་དྲོད་སྙོམ་བརྒྱུད་སྐྱེལ་རླངས་འཁོར་གྱིས་དབོར་བས་བརྒྱུད་རིམ་ཧྲིལ་པོར་སོས་ཉར་དང་། སྔོན་ལ་གནམ་གྲུར་བླུགས་པ། དམིགས་སར་འབྱོར་རྗེས་མགྱོགས་མྱུར་སྡེབ་སྐྱེལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་གདུབ་ཟུམ་གྲང་ཕྲེང་དོ་དམ་ཐུབ་ཡོད།

    བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་ལེགས་པས་ལྗོངས་ཕྱིའི་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། འོན་ཀྱང་ས་ཁམས་ཆགས་ཚུལ་གྱི་ཚོད་འཛིན་ཕོག་པའི་དབང་གིས་སྲོལ་རྒྱུན་གྱི་ཟོག་འགྲུལ་བྱེད་སྟངས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་ཡུན་རིང་ཚོད་འཛིན་བཟོས་ཡོད། ད་ཐེངས་མཁའ་འགྲུལ་ཟོག་འདྲེན་ནུས་པ་དང་། གནམ་ཐང་གི་འགག་སྒྲོལ་སྟབས་བདེ། ཆེད་ལས་ཀྱི་གྲང་ཕྲེང་གཉེར་སྐྱོང་ནུས་པ་བཅས་མཉམ་ལས་བསྡུ་སྒྲིལ་བྱས་ཏེ། ཐོན་རྫས་བོད་ལྗོངས་ནས་རྒྱལ་ནང་དུ་འབྱོར་བའི་བར་ཆ་ལག་ཚང་བའི་གྲང་ཕྲེང་མ་ལག་ཅིག་བསྐྲུན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བགྲོད་ལམ་གྱིས་ཕྱོགས་གཅིག་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་སྦྲེལ་མཐུད་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་རོགས་རམ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཨན་ཧུའེ་དང་མཐའ་འཁོར་ས་ཁུལ་གྱི་ཐོན་རྫས་སོས་པ་མཁོ་སྤྲོད་ཀྱི་སྣ་ཁ་ཕུན་སུམ་ཚོགས་སུ་བཏང་ནས། བོད་ལྗོངས་དང་ཨན་ཧུའེ་ཡི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་ཕྱོགས་གཉིས་ཀར་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད། ཕྱོགས་གཉིས་པོས་མཁའ་ཐོག་སྐྱེལ་འདྲེན་གྱི་ཕན་འབྲས་ལེགས་སུ་རྒྱུན་མཐུད་གཏོང་བ་དང་། གྲང་ཕྲེང་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ། སྐྱེལ་འདྲེན་དངོས་ཟོག་གི་རིགས་དང་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས། ས་མཐོའི་ཐོན་རྫས་སོས་པ་བོད་ནས་སྐྱེལ་འདྲེན་བྱེད་པའི་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། ས་གནས་གཉིས་ཀྱི་གྲོང་གསེབ་དར་རྒྱས་དང་ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།