དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཐོ་ཀོའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ལེ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-15

    ཟླ་10ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཐོ་ཀོའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ལེ་དང་མཇལ་འཛོམས་གནང་བ།

    ཟླ་10ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཐོ་ཀོའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ལེ་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་པོའི་འབྲེལ་བའི་ངེས་གནས་དུས་རབས་གསར་པའི་ཀྲུང་ཐོའི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཐོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་སྐུ་ངོ་མས་བཏོད་གནང་བས། རྨང་གཞི་ཟབ་ལ་བརྟན་པོ་ཡོད། ལོ་མང་རིང་། ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་ངང་མཉམ་ལས་ཀྱི་འབྲེལ་ཐག་རྒྱུན་ཆད་མེད་པར་དམ་དུ་གཏོང་བ་དང་། མི་དམངས་ཕན་ཚུན་རྒྱུས་མངའ་དང་བརྩེ་བ་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད། ཀྲུང་ཐོའི་མཛའ་མཐུན་མཉམ་ལས་ཀྱི་འདུ་ཤེས་མཐུན་པ་དང་མདུན་ལམ་ཡངས་པོ་ཡོད། ཕྱོགས་གཉིས་པོས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་གི་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་བཏང་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས།

    སྒོ་ཁྲལ་མེད་པའི་བྱ་ཐབས་ནི་ཀྲུང་གོས་ཨ་ཧྥེ་རི་ཁའི་རང་བརྟེན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ལམ་ལུགས་རྣམ་པའི་སྒོ་དབྱེར་བརྟེན་ནས་ཀྲུང་ཧྥེའི་མཉམ་ལས་ལ་མཐུན་རྐྱེན་སྦྱོར་བར་དམིགས་པའི་དམིགས་བསལ་བཀོད་སྒྲིག་ཅིག་ཡིན་པས། ཐོ་ཀོས་སྒོ་ཁྲལ་མེད་པ་དང་ཀྲུང་གོར་ཐོན་རྫས་ཕྱིར་གཏོང་གི“ཐོགས་མེད་བགྲོད་ལམ”བཏོད་པ་སོགས་ཀྱི་བྱ་ཐབས་ཡག་པོ་སྤྱད་དེ། ས་ཁུལ་གྱི་ཚོང་དོན་དང་ཟོག་འགྲུལ་སོགས་ཀྱི་འགག་རྩའི་ནུས་པ་སྔར་བས་བཏོན་ནས། རང་རྒྱལ་ཁབ་དང་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་པར་ཁྲིད་སྟོན་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན། ཐོ་ཀོས་མི་དམངས་ཤོག་སྒོར་རྒྱལ་མཚམས་བསྒྲལ་ནས་བེད་སྤྱོད་གཏོང་རྒྱ་ཆེ་རུ་དང་དེར་སྐུལ་འདེད་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཐོ་ཀོ་ཕྱོགས་དང་མཉམ་དུ་ནུས་རྒྱུ་གསར་པ་དང་གྲངས་རིག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐོ་ཀོའི་བཟོ་ལས་ཅན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་ཀྲུང་གོ་དང་ཐོ་ཀོའི་ལངས་ཕྱོགས་འདྲ་མཚུངས་ཡིན་པས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་སྒྱུར་བཅོས་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ཕྱོགས་ཁག་དགེ་མཚན་ལྡན་པའི་ངང་ཨ་ཧྥེ་རི་ཁའི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པར་ཞུགས་རྒྱུར་རྩ་དོན་བཞི་བཏོན་གནང་བ་སྟེ། གཅིག་ནས་ཨ་ཧྥེ་རི་ཁས་གཙོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཨ་ཧྥེ་རི་ཁའི་མི་དམངས་ནི་ཨ་ཧྥེ་རི་ཁའི་བདག་པོ་ངོ་མ་ཡིན་པས། ས་ཁུལ་གྱི་ལས་དོན་ཁྲོད་དུ་ལྟེ་བའི་ནུས་པ་འདོན་དགོས། གཉིས་ནས་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས་ཤིང་། ཞུགས་མཁན་ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུས་ནས་དོ་བདག་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་དགོས། གསུམ་ནས་དྲག་པོའི་ལས་ལ་མ་བརྟེན་པར་ཞི་བདེར་སྐུལ་འདེད་གཏོང་དགོས་ཤིང་། དམག་འཁྲུག་དང་ཕྱོགས་རྐྱང་པའི་བཀག་སྡོམ་གྱིས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འགལ་བ་ཐག་གཅོད་ངོ་མ་བྱེད་ཐབས་བྲལ་བས། ཕན་ཚུན་བརྩི་འཇོག་དང་། རྒྱ་ཁྱབ་གྲོས་མོལ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་བསམ་ཤེས་དང་བཟོད་བསྲན་བཅས་མཐའ་འཁྱོངས་བྱེད་དགོས། བཞི་ནས་རྩ་ལག་མཉམ་བཅོས་བྱེད་དགོས་ཤིང་། མིག་སྔའི་བདེ་འཇགས་ལ་དམིགས་དགོས་ལ། ཕུགས་ཀྱི་འཕེལ་རྒྱས་ཇུས་འགོད་ཀྱང་བྱེད་དགོས།

    ཧྥུའུ་ལེ་ཡིས་གསུངས་དོན། ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་བྱུང་བ་དངོས་སུ་མཐོང་བྱུང་ལ། ཀྲུང་གོའི་སྲིད་སྐྱོང་འདུ་ཤེས་དང་གྲུབ་འབྲས་ཐོབ་པའི་ཐབས་བཟང་ལ་གོ་བ་དེ་བས་ཡག་པོ་ལེན་ཐུབ་བྱུང་། ཐོ་ཀོ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་ཡུན་རིང་བརྟན་པོ་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་ལོ་ཞིག་རེད། ཐོ་ཀོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། གླེང་མོལ་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཡུན་རིང་གཉིས་ཕན་མཉམ་ལས་དམ་ཟབ་བྱེད་པ། དུས་རབས་གསར་པའི་ཐོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཡག་པ་སྐྲུན་འདོད་ཡོད། ཐོ་ཀོ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཐོ་ཀོར་མ་འཇོག་ལས་དར་བྱེད་པར་ཡོང་བར་དགའ་བསུ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་དང་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་ཁག་དགེ་མཚན་ལྡན་པའི་ངང་ཨ་ཧྥེ་རི་ཁའི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པར་ཞུགས་རྒྱུའི་ཐད་བཏོན་གནང་བའི་རྩ་དོན་གལ་ཆེན་ལ་ཐོ་ཀོ་ཕྱོགས་ཀྱིས་རྦད་དེ་མོས་མཐུན་བྱེད་ཀྱི་ཡོད་ལ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པར་ཀྲུང་གོས་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་འདོད་ཡོད།

    ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།