དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་ནན་བཤད་གནང་དོན།

    བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

    ལི་ཆང་གིས་གསུང་བཤད་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-15

    ཟླ་10ཚེས་12དང་13ཉིན་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

    ཚེས་12དང་13ཉིན་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་2035ལོར་སླེབས་སྐབས་བདེ་ཐང་ཀྲུང་གོ་བསྐྲུན་ཟིན་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་བྱས་ནས་ལེགས་ཆ་དར་སྤེལ་གཏོང་བ་དང་། རྨང་གཞི་བརྟན་དུ་གཏོང་བ། ཞན་ཆ་དང་ཆད་སྐྱོན་བསལ་ནས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་གྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་ཀའི་བྱེད་ཕྱོགས་གཏན་འཁེལ་བྱས་པ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་དང་བཀོད་སྒྲིག་གལ་ཆེན་བྱས་པ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་དང་། སྲོལ་རྒྱུན་སྨན་རྫས་མ་ལག ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག སྨན་བཅོས་འགན་ལེན་མ་ལག་བཅས་འཛུགས་རྒྱུར་སྐུལ་འདེད་བཏང་བས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་བསྐྲུན་དགོས་པའི་བདེ་ཐང་ཀྲུང་གོ་ནི་དོ་སྙོམས་ཀུན་ཕན་དང་སྤུས་ལེགས་ནུས་ཆེའི་བདེ་ཐང་ཀྲུང་གོ་ཞིག་ཡིན་པས་བདེ་ཐང་དོ་དམ་གྱི་ནུས་པ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ། སྨན་བཅོས་ཞབས་ཞུའི་ནུས་པ། སྨན་བཅོས་འགན་བཅོལ་གྱི་འདེགས་སྐྱོར་ནུས་པ། སྨན་བཅོས་གསར་གཏོད་ཀྱི་ནུས་པ། ཤེས་ལྡན་པ་གསོ་སྐྱོང་གི་ནུས་པ་བཅས་ཆེན་པོ་ལྡན་པར་བྱས་ནས། ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་པ་དང་བདེ་ཐང་གི་དམིགས་ཚད་གཙོ་བོ་རྒྱུན་མཐུད་དང་བརྟན་པོའི་ངང་མཐོ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་སྤྱི་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ནུས་པ་ལྡན་པས། ངེས་པར་དུ་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་དགོས། མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་སྲིད་ཇུས་ཁག་ནང་མཉམ་འདྲེས་དང་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀའི་ནང་མངོན་པར་བྱས་ཏེ་འཆར་འགོད་གཏན་འབེབས་དང་། སྲིད་ཇུས་ཇུས་འགོད། རྣམ་གྲངས་རིགས་པས་ཁུངས་སྐྱེལ། ལས་གྲྭ་འཛུགས་སྐྲུན་སོགས་ཅི་ཞིག་བྱས་ཀྱང་མི་དམངས་ཀྱི་བདེ་ཐང་ལ་ཐེབས་པའི་ཤུགས་རྐྱེན་སྔོན་ལ་བསམ་གཞིག་ཐུབ་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྔོན་འགོག་ནི་གྲོན་ཆུང་ཆེ་ཤོས་དང་ཕན་ནུས་ཆེ་ཤོས་ཀྱི་བདེ་ཐང་ཐབས་ཇུས་ཤིག་ཡིན་པས། འཕྲོད་བསྟེན་དང་བདེ་ཐང་གི་རྨང་གཞིའི་རང་བཞིན་དང་འབྱུང་རྩའི་རང་བཞིན་གྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཕྲ་དང་ཡག་པོ་བྱས་ནས་དམངས་ཡོངས་ཀྱི་བདེ་ཐང་རྨང་གཞི་བརྟན་དུ་གཏོང་དགོས། སྤྱི་ཚོགས་ཡོངས་ལ་ཡང་དག་པའི་བདེ་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ཏེ་བདེ་ཐང་རང་སྐྱོང་དང་དོ་དམ་ནུས་ལྡན་བྱེད་དགོས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་སློབ་སྦྱོང་དང་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་དང་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་ནས་དམངས་ཡོངས་ཀྱིས་ལུས་སྦྱོང་དང་བདེ་ཐང་ངལ་གསོ་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། བཟའ་བཅའི་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས“ལྕེ་ཐོག་གི་བདེ་འཇགས”ཡག་པོ་སྲུང་དགོས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་ནད་ཡམས་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། སྨན་བཅོས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ནི་བདེ་ཐང་ཀྲུང་གོ་བསྐྲུན་ཐུབ་པའི་གཙོ་གནད་ལས་འགན་ཞིག་རེད། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་གཏོང་བའི་ལས་གྲྭ་ལག་ལེན་གཏིང་ཟབ་བསྟར་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནུས་པའི་ངེས་གནས་དང་གྲུབ་ཆ་བཀོད་སྒྲིག་ལེགས་སུ་གཏོང་བ། རིམ་པ་དབྱེ་ནས་སྨན་བཅོས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་ཉེ་འགྲམ་དུ་ནད་གཞི་ལྟ་ཐུབ་པ་དང་ནད་གཞི་ཡག་པོ་ལྟ་ཐུབ་པ་བྱེད་དགོས། གཅོང་ནད་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་འགོག་བཅོས་དང་བདེ་ཐང་། དོ་དམ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་དགོས།

    ཀྲུང་ལུགས་གསོ་རིག་དང་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་དགོས། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་བདེ་ཐང་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས། སྨན་བཅོས་ཉམས་ལེན་ལེགས་སུ་བཏང་ནས་མང་ཚོགས་ཀྱིས་ནད་གཞི་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་བདེ་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་ནི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཡིན་པས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་འབད་བརྩོན་ཁ་ཕྱོགས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཚན་པའི་སྒྱུར་བཅོས་ཇུས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཕན་རང་བཞིན་སྟོན་ཕྱོགས་སུ་བྱས་ནས་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། རྫོང་དང་ཆུས་དེ་བཞིན་གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ཀྱི་འཁོར་སྐྱོད་ལ་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་དགོས། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་བཙུགས་ཏེ་སྨན་རྫས་ཟད་གྲོན་རྒྱུ་ཆ་སྡེབ་ཉོ་དང་། དེ་བཞིན་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་དང་མ་དངུལ་བེད་སྤྱོད་བཅས་ཀྱི་སྲིད་ཇུས་ལེགས་སུ་བཏང་སྟེ་ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་དང་། སྨན་ཁང་འཁོར་སྐྱོད་བཟང་པོ། མང་ཚོགས་ཀྱི་ཐེག་འཁུར་ལུགས་མཐུན་བཅས་མངོན་འགྱུར་བྱེད་དགོས། སྨན་རྫས་མཁོ་སྤྲོད་འགན་སྲུང་དང་བེད་སྤྱོད་དོ་དམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྨན་རྫས་སྤུས་ཚད་ཀྱི་བདེ་འཇགས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་པར་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། རིམ་ཁག་གཙོ་གཉེར་སྡེ་ཚན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་འགོ་ཁྲིད་ཚན་ཁག་དང་། ལྷག་པར་དུ“འགོ་གཙོ་དང་པོ”ཧྲག་འདེམས་བྱས་ཏེ་གྲངས་འབོར་འདང་ངེས་དང་། གྲུབ་ཚུལ་ལུགས་མཐུན། བྱང་ཚད་ལེགས་པ་བཅས་ཀྱི་སྨན་དོན་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། སྨན་པའི་ཀུན་སྤྱོད་དང་སྨན་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་ཀྱི་དར་སྲོལ་བཟང་པོ་གཏོད་དགོས། སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་ཚང་མར་བདེ་ཐང་ཡོང་བ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་པས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་འགྲན་སློང་གལ་ཆེན་ལ་མཉམ་དུ་ཁ་གཏད་བཅག་སྟེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་ཐང་གི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། འཕྲོད་བསྟེན་ཕྱི་རོགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས། བདེ་ཐང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་ནས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་དགོས།

    ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་ནང་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་རྩ་བའི་རང་བཞིན་དང་། ཁ་ཕྱོགས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ཡོད་པས། དེར་དགོངས་པའི་རང་བཞིན་དང་། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཞིང་། དེས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་པས། སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་དོན་ཐོག་ཏུ་ཇི་མ་ཇི་བཞིན་འཁྱོལ་བར་བྱེད་དགོས། བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས། བདེ་ཐང་སྔོན་ལ་འཇོག་པའི་སྟོན་ཕྱོགས་བརྟན་པོ་བཙུགས་ནས་མི་དམངས་ཀྱི་བདེ་ཐང་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་བརྟན་སྲུང་བྱས་ནས་དམངས་ཡོངས་ཀྱི་བདེ་ཐང་གི་གཞི་རྩ་བརྟན་དུ་གཏོང་དགོས། གཞི་རྩར་འགན་ལེན་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་བདེ་ཐང་གི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་དགོས། སྒྱུར་བཅོས་གསར་གཏོད་དང་སྒོ་དབྱེ་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་རྒྱུན་མཐུད་གཏོང་དགོས། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་དཀའ་གནད་དང་འགག་གནད་ལ་དམིགས་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་བྱ་བར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། ནད་ཡམས་ཚབས་ཆེན་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ། རིམ་དབྱེ་བརྟག་བཅོས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་སྨན་བཅོས་ཉམས་ལེན་ལེགས་སུ་གཏོང་བ། རིམ་པ་མང་བའི་སྨན་བཅོས་འགན་ལེན་མ་ལག་འཛུགས་པ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་བརྟན་པོར་འཛུགས་པ། “རྒན་གཅིག་གཞོན་གཅིག”གི་བདེ་ཐང་ཞབས་ཞུར་དམ་འཛིན་ཡག་པོ་བྱེད་པ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བདེ་ཐང་ཀྲུང་གོ་འཛུགས་སྐྱོང་གི་རྨང་གཞི་བརྟན་པོ་འདིང་དགོས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས་པ་རེད།

    ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་དང་། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་ཁེ་ལས་ཁག་གཅིག ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་སོགས་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།