དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “སྐྱེ་ཁམས་སྔོན་སྐྱོང”བྱས་ཏེ་མཚོ་སྔོན་གྱི་གཞུང་ལམ་རྣམ་གྲངས་གལ་ཆེན་11ནས་མ་དངུལ་སྒོར་དུང་ཕྱུར་16གྲོན་ཆུང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-14

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཞིང་ཆེན་ཡོངས་ཀྱི“སྐྱེ་ཁམས་སྔོན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད། ལྗང་མདོག་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཆེད་དོན་ཚོགས་འདུའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ཚུན་དུ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་ཚགས་ཅན་དང་ལྗང་མདོག་ཅན་གྱི་ཇུས་འགོད་དང་ཚད་ལྡན་ཅན་གྱི་ཨར་ལས་དོ་དམ་ཚོད་འཛིན་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་རྣམ་གྲངས་གལ་ཆེན་11ནས་ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་900སྔོག་འདོན་བྱེད་ཉུང་དུ་ཕྱིན་པ་དང་། ས་བཟུང་སྤྱི་ཆིང་400གྲོན་ཆུང་ཐུབ་ནས་མ་དངུལ་སྒོར་དུང་ཕྱུར་16གྲོན་ཆུང་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ལྗང་མདོག་འཕེལ་རྒྱས་དེ་འགྲིམ་འགྲུལ་གྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་རྣམ་གྲངས་འགོད་པ་དང་། ཇུས་གཞི་བསྡུར་འདེམས། རིགས་པས་ཁུངས་སྐྱེལ་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་སྐྱེ་ཁམས་ཆོག་འཐུས་ཚད་གཞི་སྔོན་འགོད་བྱས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགྲིམ་འགྲུལ་གྱི་རྣམ་གྲངས་གལ་ཆེན་ཚང་མ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི“ས་བཀྲ་གཅིག”གི་དོ་དམ་ནང་བཅུག་པ། གསར་དུ་ལས་འགོ་ཚུགས་པའི་གཙོ་གནད་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་དཔོག་བྱེད་ཚད་དང་རིགས་གཅིག་མཁས་ཅན་ཞུགས་ཚད་གཉིས་ཀ་100%ཟིན་ཡོད། ལས་གྲྭ་འཛུགས་སྐྲུན་ཐད“ཐེ་ཇུས་ཆུང་ཤོས”ལ་སྣང་ཆེན་བྱས་ཏེ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་བསམ་ཕྱོགས་དེ“རྣམ་གྲངས་སྔོན་འཇོག”ནས“སྐྱེ་ཁམས་སྔོན་སྐྱོང”དུ་བསྒྱུར་བ་དང་། ལམ་རྙིང་བསྐྱར་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་རྡོ་དོ་སྙོམས་ཡོང་བར་སྤྱི་འདོམས་ཡག་པོ་བྱས་པ། རྒྱལ་ལམ་338ཀྱི་རེ་ཧྲུའེ་ནས་ཅང་ཚང་བར་གྱི་དུམ་བུའི་བསྐྱར་སྐྲུན་ལས་གྲྭའི་ཁྲོད་ལམ་རྙིང་སྤྱོད་ཚད་99.5%ཟིན་ནས་རྩྭ་ར་དང་ལམ་རྒྱུད་ཀྱི་ས་དབྱིབས་འདམ་རའི་སྐྱེ་ཁམས་ལ་སྲུང་སྐྱོང་གང་ཐུབ་བྱས་པ། རྒྱལ་ལམ་315ཡི་ཚའེ་ཏན་མཚེའུ་ཆུང་ནས་མང་ནེ་རྙིང་པའི་བར་གྱི་དུམ་བུར་དེ་སྔ་ཇུས་འགོད་བྱས་པའི་ཁ་གྱེས་རྣམ་པའི་ལམ་གཞི་དེ་སྤྱི་ཡོངས་རྣམ་པའི་ལམ་གཞིར་ལེགས་སུ་བཏང་ནས་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་སྤྱི་ཆིང་17.53གྲོན་ཆུང་བྱས་ཡོད།

    “གསར་པས་རྙིང་པ་ཁྲིད་པའི”བྱེད་སྟངས་སྤྱད་དེ་ལོ་རྒྱུས་ཐོག་ཐག་གཅོད་མ་བྱུང་བར་ལུས་པའི་སྐྱེ་ཁམས་གནད་དོན་རང་འགུལ་ངང་བཅོས་སྒྲིག་བྱས་པ་བརྒྱུད། ལས་གྲྭའི་ཟིང་འགུལ་གཙང་སེལ་དང་སྐྱེ་ཁམས་ཀྱི་བུ་ལོན་གཙང་འཇལ་ཐུབ་ཡོད། དེ་དང་ཆབས་ཅིག “ཟུར་གྱེན་བཅོས་སྒྲིག་དང་། རྒྱུ་ཆ་འཇོག་དོང་ལ་རྩི་ཤིང་འདེབས་པ། ཆུ་རྒྱུད་སྲུང་སྐྱོང་། སྐྱེ་དངོས་སྲུང་གསོ”བཅས་ཕྱོགས་བཞི་གཞི་གཅིག་ཅན་གྱི་སྐྱེ་ཁམས་སླར་གསོའི་མ་ལག་བཙུགས་ཏེ་ཕྱོགས་ཡོངས་ནས་ལམ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་བྱས་ཡོད། ཟླ་9ཚེས་24ཉིན་བར་ཞིང་ཆེན་དེ་ཡོངས་ཀྱི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱིས་དེ་སྔའི་བེད་མེད་དུ་དོར་བའི་རྒྱུ་ཆ་འཇོག་དོང་900ལྷག་ཙམ་བསྐྱར་དུ་བེད་སྤྱོད་དང་བཅོས་སྒྲིག་བྱས་པ་དང་། མེ་ཏོག་དང་རྩྭ་སྤྱི་ལེ་274དང་སྡོང་རྐང་ཁྲི་3.5བཏབ་ནས་ལམ་ལྗོངས་མཉམ་འདྲེས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་མཐོའི་སྐྱེ་ཁམས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།