“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·ལུའོ་དབྱང”བྱེད་སྒོའི་ཐོག་གནའ་གྲོང་གི་རྣམ་པ་གསར་བརྗེ་དང་གྲོང་ཁྱེར་འཕེལ་རྒྱས་སྐོར་མཉམ་དུ་གླེང་བ།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་། “གནའ་བོའི་གྲོང་ཁྱེར་གྱི་རིག་རྒྱུན་འཛིན་སྐྱོང་བྱེད། གྲོང་ཁྱེར་གྱི་ཤེས་དཔལ་དཔྱད་གཞིར་འཛིན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·ལུའོ་དབྱང”གི་བྱེད་སྒོ་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་དུ་སྤེལ་བ་རེད། ཀྲུང་གོ་དང་། དབྱིན་ཇི། དབྱི་ཐ་ལི། ཨ་ཀེན་ཐིན། ཨར་ཅི་རི་ཡ་སོགས་རྒྱལ་ཁབ་10ལྷག་ཙམ་གྱི་ཧྲི་ཀྲང་དང་། ཧྲི་ཀྲང་གི་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་90ལྷག་ཙམ་གྱིས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར། གྲོང་ཁྱེར་གསར་བརྗེས་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོ་ལུའོ་དབྱང་གི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་མང་པོར་བསྐྱོད་དེ་སྔ་རྗེས་སུ་ལུའོ་དབྱང་འཁོར་རྟེན་ཚོགས་པའི་རིག་ནུས་བཟོ་གྲྭ་དང་། ཀྲུང་ཤིན་ལྕི་བའི་བཟོ་ལས་ཀྱི་གྲངས་འཛིན་འཁོར་ཁང་ཆེ་གྲས། ཀྲུང་གོའི་འདྲུད་འཐེན་འཕྲུལ་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོའི་འཕྲུལ་འཁོར་ཆེ་གྲས་ཀྱི་ཐོན་སྐྱེད་སྒྲུབ་རིམ་བཅས་ལ་ལྟ་སྐོར་བྱས་པ་དང་འབྲེལ། ཏུང་ཧྥང་ཧུང་འདྲུད་འཐེན་འཕྲུལ་འཁོར་ཚོད་གཏོང་བྱས་ནས“ཀྲུང་གོའི་རིག་སྐྲུན”གྱི་གསར་གཏོད་ཀྱི་གསོན་ཤུགས་བར་ཐག་ཉེ་ས་ནས་མྱོང་རོལ་བྱས་པ་རེད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ལུའོ་དབྱང་རྟེན་མཛོད་ཁང་དང་། སུའེ་ཐང་ལུའོ་དབྱང་གྲོང་ཁྱེར། ལུའོ་དབྱི་གནའ་གྲོང་བཅས་སུ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ལ་རྟོག་ཞིབ་བྱས་པ་དང་། ལུང་མོན་བྲག་ཕུག་གི་ལྡེབས་རིས་མདུན་དུ་ཤུལ་བཞག་ཉམས་གསོ་དང་། གྲངས་འཛིན་སྲུང་སྐྱོང་། ཡུལ་སྐོར་ཐེག་ནུས་བཅས་ལ་དམིགས་ནས་སྤེལ་རེས་བྱས་པ་རེད། ཨ་ཀེན་ཐིན་ཏི་ཀེ་ལེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧུའུ་ལི་ཨའོ·ས་མོ་ལ་ཡིས། “ལུའོ་དབྱང་གིས་ལོ་རྒྱུས་ཀྱི་ཤུལ་བཞག་ཉར་ཚགས་ཡག་པོ་བྱེད་པ་དང་ཆབས་ཅིག བེད་སྤྱོད་ཡག་པོ་གཏོང་བར་ཡང་སྐུལ་འདེད་བཏང་ནས་གནའ་བོའི་ཤེས་དཔལ་དེ་དེང་རབས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་མཉམ་འདྲེས་བྱེད་པའི་ཉམས་མྱོང་དེར་དཔྱད་གཞིར་འཛིན་པའི་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།