དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་ནན་ཕིང་ཏིང་ཧྲན་གྲོང་ཁྱེར་ཡེ་རྫོང་གིས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་པ།

    སྔར་སོང་གི་རྒྱང་སྐྱོད་ལམ་བུ་དེང་གི་བདེ་སྐྱིད་ལམ་བུར་གྱུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་ལེ་ཝུན། ཧྥང་མིན།   |     སྤེལ་དུས།  2026-10-14

    རླངས་འཁོར་ཧོ་ནན་ཞིང་ཆེན་ཕིང་ཏིང་ཧྲན་གྲོང་ཁྱེར་ཡེ་རྫོང་གི་གཞུང་ལམ་ཨང་དང་པོ་ནས་ཐོན་སྐབས། སྒེའུ་ཁུང་ཕྱི་རོལ་གྱི་རི་ལྡེབས་སུ་སྟར་དུ་བསྒྲིགས་པའི་རླུང་འཁོར་དཀར་པོ་དག་ཕུའུ་ཉིའུ་ཧྲན་རི་བོ་དང་ཐུང་པའེ་ཧྲན་རི་བོའི་འབྲེལ་མཚམས་སུ་བར་མེད་དུ་འཁོར་བཞིན་མཆིས།

    རིང་ཚད་སྤྱི་ལེ་94ཡོད་པའི་ཡེ་རྫོང་གི་གཞུང་ལམ་ཨང་དང་པོ་དེ་སྔར་སོང་དམར་དམག་ཅུན་ཤོག་ཉེར་ལྔ་པས་ཡེ་རྫོང་དུ་རྒྱང་སྐྱོད་བྱེད་སྐབས་ཀྱི་ལམ་ཐིག་དང་གཅིག་ཏུ་གནས་ཡོད།

    ལོ་90ལྷག་ཙམ་གོང་གི་དགུན་སྟོད་དུ་ཁ་བ་བུ་ཡུག་འཚུབ་ཅིང་། དམར་དམག་ཅུན་ཤོག་ཉེར་ལྔ་པས་ཡེ་རྫོང་པའོ་ཨན་གྲོང་རྡལ་དབྱང་ལིང་ཀྲོང་གྲོང་ཚོའི་ཝུའུ་ལི་ཕོ་རུ་ཉིན་མང་པོ་དམག་འཐབ་དྲག་པོ་བྱས་པ་དང་། ས་དབྱིབས་ལ་བརྟེན་ནས་རྗེས་འདེད་དམག་དཔུང་འགོག་རྒོལ་བྱས་པས་གཙོ་ཤུགས་དཔུང་སྡེས་གོ་སྐབས་བཟུང་སྟེ་ནུབ་ཕྱོགས་སུ་བསྐྱོད་ནས་ཕུའུ་ཉིའུ་ཧྲན་རི་རྒྱུད་དུ་འཚོ་ལམ་ཞིག་བཏོད་པ་རེད། དམག་དཔུང་དེ་ཕྱིས་སུ་ཧྲའན་ཤིས་བྱང་རྒྱུད་དུ་འབྱོར་ནས་ཀྲུང་དབྱང་དམར་དམག་ཧྲའན་ཤིས་བྱང་རྒྱུད་དུ་གནས་བཅའ་རྒྱུར་རྨང་གཞི་བཏིང་ཡོད།

    ད་ཆ་གཡུལ་སའི་རྗེས་ཤུལ་དུ་དྲན་གསོའི་རྡོ་རིང་བཙུགས་པ་དང་རྡོ་རིང་རྒྱབ་ངོས་ཀྱི་དྲན་གསོའི་གྱང་སྟེང་དུ“རྒྱང་སྐྱོད། ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བའི་དཔྱང་དར་དམར་པོ”ཞེས་བྲིས་པའི་ཡི་གེ་དེ་དག་ཉི་འོད་འོག་དམར་མདངས་རབ་ཏུ་བཀྲ།

    རི་བོ་ནི་ནམ་ཡང་རི་བོ་དེ་རང་ཡིན། འོན་ཀྱང་གཞུང་ལམ་ཨང་དང་པོར་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་དེ་སྔའི་ཀྱག་ཀྱོག་གི་རི་ལམ་དེ་ཕྱུག་འགྱུར་ལམ་བུར་གྱུར་ཡོད།

    རི་སྟེང་གི་རླུང་འཁོར་ལ་མཛུབ་མོ་འཛུགས་ཀྱིན་པའོ་ཨན་གྲོང་རྡལ་གྱི་ཀྲེན་ཀྲང་ཁྲེན་ཧན་ཧན་གྱིས“རླུང་འཁོར་ནི་ཀྲུང་དབྱང་ཁེ་ལས་ཀྱིས་མ་འཇོག་བྱས་ནས་བསྐྲུན་པ་ཞིག་རེད། རླུང་འཁོར་འཁོར་བ་ལས་གྲོང་ཚོར་ཁེ་སྤོགས་བགོ་རྒྱུ་ཡོད”ཅེས་ངོ་སྤྲོད་བྱས།

    གཞུང་ལམ་ཨང་དང་པོ་བརྒྱུད་མུ་མཐུད་མདུན་ཕྱོགས་སུ་བསྐྱོད་དེ་མཱ་ཐོའུ་ཧྲན་རི་བོའི་མཚོ་འགྲམ་གྱི་སྒར་སྡོད་རྟེན་གཞིར་འབྱོར་སྐབས། རྟེན་གཞིའི་འགན་འཁུར་བ་ལི་ཅིན་ཆོན་གྱིས་མགྲོན་པོ་བསུ་བཞིན་ཡོད། འདས་མ་ཐག་པའི་རྒྱལ་སྟོན་གུང་གསེང་རིང་འདི་གར་ཡུལ་སྐོར་བ་མང་པོ་སླེབས་ཡོད།

    གསར་བརྗེའི་ནང་དོན་ཕུན་སུམ་ཚོགས་པོ་སྔོག་འདོན་བྱ་ཆེད། རྟེན་གཞིས《ཐོན་ཀྲང་དང་མཉམ་དུ་དམག་རྒྱག་པར་བསྐྱོད》ཅེས་པའི་དབྱིངས་ཞུགས་རྣམ་པའི་ཟློས་གར་ནང་སྦྱོང་བྱས་ཤིང་། ཡུལ་སྐོར་བ་དེ་གར་འབྱོར་རྗེས་འཁྲབ་བྱའི་མི་སྣ་སྣ་ཚོགས་ཀྱི་འཁྲབ་གོས་བརྗེས་ནས་དངོས་ལྗོངས་ནང་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་མྱོང་ཚོར་བྱེད་ཆོག ཡུལ་མི་ཚོས་དམར་དམག་གི་གོས་བརྗེས་ནས་འཁྲབ་སྟོན་བྱས་ཚེ་འཁྲབ་ཚན་ཚང་མར་གླ་པའི་ཡོང་འབབ་རག་གི་ཡོད།

    སྒར་སྡོད་རྟེན་གཞིའི་ལམ་འགྲམ་དུ་སྤྲོ་གསེང་རྐང་འཁོར་སྟར་པ་གཅིག་བཞག་ཡོད་ལ། དབྱང་ལིང་ཀྲོང་གྲོང་ཚོའི་ཡུལ་མི་དབན་ཧུང་རུའེ་ཡིས་འཁོར་ལོར་ཕུ་རྒྱག་བཞིན་ཡོད། ཁོང་སྔོན་ཆད་བཟོ་གྲྭར་ལས་ཀ་བྱས་ནས་བསྡད་པ་དང་2021ལོར་གྲོང་ཚོར་ལོག་ཡོད། “ཡུལ་སྐོར་ལམ་ཐིག་ཤར་གཏོང་ཐུབ་རྗེས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་མ་ཟད། ལས་ཀའི་གོ་སྐབས་ཀྱང་ཇེ་མང་དུ་འགྲོ་གི་རེད”

    འགྲིམ་འགྲུལ་སྟབས་བདེ་བ་དང་། རི་ཆུ་མཛེས་པ། གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད་པས། ས་གནས་དེ་གའི་ཏང་ཡོན་དང་ལས་བྱེད་པའི་འབད་བརྩོན་འོག་དབྱང་ལིང་ཀྲོང་གྲོང་ཚོ་འདི་ཉིད་སྐད་གྲགས་ཅུང་ཆེ་བའི་དྲ་ཐོག་གྲགས་ཅན་གྱི་གྲོང་ཚོར་གྱུར་ནས་ཡུལ་མི་མང་པོ་ཞིག་ལ་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། དབྱང་ལིང་ཀྲོང་གྲོང་ཚོས་ད་དུང་གྲོང་ཚོའི་མཉམ་སྡེབ་དང་། ཞིང་དུད། ཕྱོགས་གསུམ་པ་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས། ས་ཞིང་མུའུ་880ལྷག་ཙམ་གང་འགབ་ཅི་སྤྱོད་བྱས་ཏེ། མཱ་ཐོའུ་ཧྲན་རི་བོའི་A3རིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་ཡོད། མཚོ་འགྲམ་དམངས་སྲོལ་གནས་ཚང་དང་སྒར་རྒྱག་རྟེན་གཞི་སོགས་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱུང་ཡོད།

    “ད་དུང་རླུང་གློག་མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་བ་དང་། འོད་ཤུགས་གློག་གཏོང་། རྒྱལ་ཁབ་གྲབས་གསོག་ནགས་ཚལ་བོགས་གཏོང་། ས་ཞིང་བརྒྱུད་བཤུག གཏན་འཇགས་རྒྱུ་ནོར་བོགས་གཏོང་སོགས་ཀྱི་འབབ་ཁུངས་ཡོད། ན་ནིང་གྲོང་ཚོར་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་70ལྷག་ཙམ་བྱུང་ཡོད། གྲོང་ཚོའི་ཉམས་གསོ་དང་གཞུང་ལས་འགྲོ་གྲོན་ཕུད། ང་ཚོས་ད་དུང་ཡུལ་མིར་སྨན་བཅོས་འགན་བཅོལ་སོགས་སྤྲད་ཡོད”ཅེས་དབྱང་ལིང་ཀྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཝེ་ཐུང་གིས་བཤད།

    གསར་འགོད་པས“ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་ཚང་མ་རང་ཉིད་ཀྱིས་སྤྲོད་མི་དགོས་སམ”ཞེས་འདྲི་སྐབས།

    ལི་ཝེ་ཐུང་གིས་མགོ་བོ་ལྕོག་ལྕོག་བྱས་ནས“མི་དགོས། གྲོང་ཚོ་མཉམ་སྡེབ་ཀྱིས་གཅིག་གྱུར་སྐྱེལ་གྱི་ཡོད་པས་ཡུལ་མིས་དངུལ་ཕིང་གཅིག་ཀྱང་འདོན་མི་དགོས”ཞེས་བཤད།

    ཡུལ་མིའི་ཡོང་འབབ་མང་དུ་ཕྱིན་པས་ཏང་རྩ་འཛུགས་ཀྱི་སྙན་གྲགས་ཀྱང་སྔར་ལས་ཆེ་རུ་ཕྱིན་ཡོད། གྲོང་ཚོའི་ནང་ལོ་ཤས་གོང་འགྲོ་ལམ་རྒྱ་ཆེ་རུ་གཏོང་སྐབས་མང་ཚོགས་ཀྱི་ཁང་ས་བརྒྱུད་དགོས་པས། གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཁོངས་མི་དང་ཏང་ཡོན་གྱིས་སྔོན་ལ་སྣེ་ཁྲིད་དེ་ཕྱིར་སློག་བྱེད་པ་དང་དེ་རྗེས་མང་ཚོགས་ལ་བསམ་བློའི་སློབ་གསོ་གཏོང་གི་ཡོད། “བསམ་བློའི་སློབ་གསོ་ཡག་པོ་བྱུང་བས་ལས་དོན་སྤེལ་སྐབས་ཚང་མས་མོས་མཐུན་བྱེད་ཀྱི་འདུག”ཅེས་ལི་ཝེ་ཐུང་གིས་བཤད།

    “ད་ལོ་སྟོན་ཐོག་ཡག་པོ་བྱུང”ཞེས་མ་རྨོས་ལོ་ཏོག་སྐམ་བཞིན་པའི་ཡུལ་མི་ཞིག་གིས་རྔུལ་ཆུ་ཕྱིས་བཞིན་དུ“ད་ཆ་ལམ་བདེ་པོ་ཡོད་པས། ང་ཚོ་ཚང་མས་གློག་སྒུལ་སྦག་སྦག་བཞོན་ནས་ཞིང་ལས་བྱེད་པར་འགྲོ་གི་ཡོད་ལ། ཞིང་ནང་དུའང་ཞིང་འཕྲུལ་ཆེ་གྲས་ཤ་སྟག་རེད”ཅེས་བཤད།

    རླུང་བུ་ཝུའུ་ལི་ཕོ་ཡི་རི་ལྡེབས་ནས་ལྡང་བཞིན་ཡོད་ལ། རླུང་འཁོར་ཡང་སྔར་བཞིན་ཡག་པོ་འཁོར་བཞིན་ཡོད། ཡུལ་སྐོར་རླངས་འཁོར་འགའ་ཡང་གཞུང་ལམ་ཨང་དང་པོ་བརྒྱུད་མུ་མཐུད་འབྱོར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།