ནང་དོན་ཕུན་སུམ་ཚོགས་ལ་ཉམས་ལེན་བྱེད་སྟངས་མང་བ།
བཟོ་ལས་ཡུལ་སྐོར་འགྲོ་སྐྱོད་ཀྱི་གདམ་ག་གསར་པར་གྱུར་པ།
ཐོན་སྐྱེད་བྱ་ཡུལ་དུ་ལྟ་སྐོར་དང་། ཤེས་བྱ་རྒྱུས་ལོན། ལག་པ་འགུལ་ནས་ཉམས་ལེན་བྱེད་པ་སོགས་ད་ཆ་ཁྱིམ་བདག་མི་ཉུང་བ་ཞིག་གིས་ཕྲུ་གུ་ཁྲིད་དེ་བཟོ་གྲྭར་བསྐྱོད་ནས་སྤྲོ་སྣང་ལྡན་པའི་བཟོ་ལས་ཀྱི་འགྲུལ་བཞུད་ཅིག་བྱེད་བཞིན་ཡོད།
འཕུར་ཕག་གིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། “བཟོ་གྲྭར་ཡུལ་སྐོར་བྱེད་པ”དེ་འགྲོ་སྐྱོད་ཀྱི་གདམ་ག་གསར་པར་གྱུར་པ་དང་མེ་ཤུགས་འཕུར་མདའ་བཟོ་གྲྭ་དང་། གྲུ་གཟིངས་བཟོ་གྲྭ། རླངས་ཆུ་བཟོ་གྲྭ། ནུས་གསར་རླངས་འཁོར་བཟོ་གྲྭ་སོགས་བཟོ་ལས་ཞིབ་སྦྱོང་རིགས་ཀྱི་དམིགས་སར་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད།
དེ་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་དོན་ནི། བཟོ་ལས་ཡུལ་སྐོར་གྱི་མཁོ་སྤྲོད་སྣེ་གཉིས་ཀྱི“གཉིས་མོས་མཉམ་འབད”བྱས་པས་རེད།
རང་རྒྱལ་གྱི་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་གིས་བཟོ་ལས་ཡུལ་སྐོར་གསར་སྤེལ་ལ“རྒྱུ་ཆ”ཕུན་སུམ་ཚོགས་པོ་མཁོ་སྤྲོད་བྱས་ཤིང་། སྐུད་པ་འཁེལ་བ་དང་། ངར་ལྕགས་བཙོ་སྦྱང་། ཆང་སྙོལ་བ། གློག་བརྙན་བཟོ་བ་སོགས་ཐོན་སྐྱེད་བྱ་ཡུལ་དེ་མཛེས་ལྗོངས་གསར་པ་ཞིག་ཏུ་གྱུར་ནས་ཡུལ་སྐོར་བར་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་མྱོང་ཚོར་ཟབ་མོ་ཐུབ་ཡོད།
གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་6པའི་བར་རང་རྒྱལ་དུ་ཁྱོན་རྒྱལ་ཁབ་ཀྱི་བཟོ་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞི་142ཡོད་པ་དང་རྒྱལ་ཁབ་ཀྱི་བཟོ་ལས་ཤུལ་བཞག་ཁག་264གཏན་འཁེལ་བྱས་ཡོད།
“འཁོར་ཁང”དེ“འགྲེམས་ཁང”དུ་འགྱུར་སྐབས་ཡུལ་སྐོར་བས་ཐོན་སྐྱེད་བརྒྱུད་རིམ་ལ་ཐག་ཉེ་ས་ནས་ལྟ་ཞིབ་བྱས་ཏེ་ཁེ་ལས་ལ་ཐོན་སྐྱེད་བརྒྱུད་རིམ་ལེགས་སུ་གཏོང་བ་དང་དོ་དམ་ནུས་པ་ཆེ་རུ་གཏོང་བར་ལྡོག་སྐུལ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ལྟ་སྐོར་དང་ཡུལ་སྐོར་གྱིས་སྐུལ་ཁྲིད་བྱས་པའི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཀྱིས་བཟོ་གྲྭར་ཡོང་འབབ་ཀྱི་ཐབས་ལམ་གསར་པའང་བཏོད་ཡོད།
དོ་སྣང་བྱེད་རིན་ཡོད་པ་ཞིག་ལ། བཟོ་ལས་ཡུལ་སྐོར་དེ་ས་ཁུལ་ཁག་གཅིག་གི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་ནུས་ལྡན་དུ་གྱུར་ཡོད།
ལས་རིགས་ཞིབ་འཇུག་སྒྲིག་གཞིས་སྔོན་དཔག་བྱས་པར་གཞིགས་ན། 2029ལོར་རང་རྒྱལ་གྱི་བཟོ་ལས་ཡུལ་སྐོར་ཐོན་ལས་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་3000ལས་བརྒལ་རེ་ཡོད་ཅིང་། ད་ལོའི་ཟླ་5པར་སྡེ་ཚན་བདུན་གྱིས་ཡིག་ཆ་བཀྲམ་ནས་བྱ་ཐབས་མང་པོ་བཏོན་པ་དང་། དེའི་ནང“ས་གནས་ཁག་གིས་ས་ཁོངས་དང་ལས་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་བཟོ་ལས་ཡུལ་སྐོར་ལམ་ཐིག་དང་སྤུས་རྟགས་ཁག་གཅིག་འདོན་རྒྱུར་སྐུལ་མ་གཏོང་བ”དང་། “སློབ་མའི་ཚོགས་སྤྱིར་ཕྱོགས་ནས་སློབ་གྲྭའི་སློབ་གསོའི་སློབ་ཁྲིད་འཆར་གཞིའི་ནང་བཅུག་པའི་ཞིབ་སྦྱོང་ལག་ལེན་ལ་རྒྱབ་སྐྱོར་བྱེད་པ”ཚུད་ཡོད་པ་རེད།
བཟོ་ལས་ཡུལ་སྐོར་དར་བ་དེ་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་བཀྲག་མདངས་འཚེར་ས་ཞིག་ཡིན་པ་མ་ཟད། བཟོ་ལས་བཟོ་སྐྲུན་དང་དེང་རབས་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་བྱུང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་ཡིན། དེ་ལས་མང་ཚོགས་ཀྱི་ཡུལ་སྐོར་གདམ་ག་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། སྲོལ་རྒྱུན་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་བར་མཐོངས་གསར་པ་ཞིག་ཀྱང་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།