ཉིང་ཁྲི་གྲོང་ཁྱེར་གྱིས་སྣ་མང་མཉམ་སྒྲུབ་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་བཏོད་པ།
ད་ལོ་ཚུན་དུ། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ནས། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱ་རྒྱུ་དེ“མཁོ་སྤྲོད་གཞི་ཁྱོན་ཆེ་རུ་གཏོང་བ”ནས“ཞབས་ཞུའི་སྤུས་འབྲས་ལེགས་སུ་གཏོང་བའི”བར་བསྒྱུར་བར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ཟླ་7པའི་ཟླ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་གྱི་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་617.86ཟིན་པ་དེ་དུས་མཚུངས་ལས་28.29%འཕར་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་གཞི་ཁྱོན་མི་འདྲ་བའི་གཉེར་སྐྱོང་བྱེད་པོའི་ཁྱད་པར་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་གཞིར་བཟུང་། རིམ་པ་དབྱེ་ནས་ཡིད་རྟོན་དངུལ་བུན་གཏོང་བའི་མ་ལག་བསྐྲུན་ཡོད། ནུས་རྒྱུ་གཙང་མ་དང་རྨང་བཀོད་གསར་པ་གལ་ཆེན་སོགས་ཁྱབ་ཁོངས་ཀྱི་སྣེ་འདྲེན་ཁེ་ལས་ཆེ་གྲས་ལ་དམིགས་ཏེ། ཐོགས་མེད་ཞིབ་མཆན་འགོད་ལམ་བཏོད་པ་དང་། དུས་ཡུན་རིང་འབྲིང་གི་ཁྱད་པར་ཅན་གྱི་ཡིད་རྟོན་ཁྱབ་སྤེལ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཁེ་ལས་འབྲིང་གྲས་ལ་དམིགས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་དངུལ་རྩ་དང་ལྗང་མདོག་ཡིད་རྟོན་དངུལ་བུན་སོགས་ཆེད་གཏོགས་ཐོན་རྫས་གསར་གཏོད་དང་ཁྱབ་གདལ་བཏང་བ་དང་། ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ལ་དམིགས་ཏེ་དྲ་ཐོག་གི་ཡིད་རྟོན་རྐྱང་པའི་དངུལ་བུན་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་ཚོགས་འདུ་རྒྱུན་རྣམ་ཅན་གྱི་སྒོ་ནས་འཚོགས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་དུས་མཉམ་དུ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བས། འདོན་སྤྲོད་དང་དགོས་མཁོ་བཀོད་སྒྲིག་འཚམ་པོ་དང་རིམ་པ་ཁ་གསལ་བའི་ཡིད་རྟོན་དངུལ་བུན་གཏོང་བའི་རྣམ་པ་ཞིག་ཆགས་ཡོད།
མ་དངུལ་བསྡུ་སྒྲིལ་གྱི“མཐའ་མའི་འགག་གནད”བསལ་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས“དངུལ་རྩའི་བློ་འདྲིའི”ལམ་ལུགས་ཁྱབ་གདལ་བཏང་ནས་བློ་འདྲིའི་ཚོགས་པ་གྲོང་གསེབ་ཏུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ཏེ། མ་དངུལ་བསྡུ་སྒྲིལ་དང་། ནོར་དོན་བློ་འདྲི། སྲིད་ཇུས་གསལ་འགྲེལ་བཅས་ཟུང་དུ་འབྲེལ་བའི་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཞབས་འདེགས་ཞུས་ཡོད། ད་ལོའི་ལོ་སྟོད་དུ་རིམ་རྩིས་བརྒྱབ་ན། ཆེད་དོན་དྲིལ་བསྒྲགས་ཐེངས་69བྱས་ནས་ཁེ་ལས་555ལ་རྟོགས་འདྲི་བྱས་པ་དང་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྒོར་དུང་ཕྱུར་7.33ཐག་གཅོད་བྱས་པ་རེད། ལམ་ལུགས་ཅན་དང་ཟུར་ཚད་མང་བའི་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་མཐུན་སྦྱོར་ཞབས་ཞུའི་མ་ལག་བཏོད་ཅིང་། ཟླ་7པའི་ཟླ་མཇུག་བར། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་འབྲེལ་མཐུད་ཚོགས་འདུ་ཐེངས་11འཚོགས་པ་དང་གཉེར་སྐྱོང་བྱེད་པོ་425ལ་ཁྱབ་ནས་ཁེ་ལས་186ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་20.59གཏན་ལ་ཕབ་ཡོད།
དངུལ་རྩའི་ཞབས་ཞུ་དུས་གཅིག་ཏུ་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བཞིན་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་ཁང་ཁག་གི་དངུལ་རྩའི་སྒྲིག་གཞིར“གྲོང་ཚོ་རེ་ལ་སྲིད་ཇུས་རེའི”ཁྱད་པར་ཅན་གྱི་དངུལ་རྩའི་ཞབས་ཞུའི་ཇུས་གཞི་དོན་འཁྱོལ་ལ་མཛུབ་ཁྲིད་བྱས་པས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོ(སྡེ་ཁུལ)495ལ་ཁྱབ་ཡོད། “གཟའ་འཁོར་རེར་གཞི་རིམ་དུ་ཐེངས་གཉིས་སྐྱོད་པའི”སྐོར་སྐྱོད་དངུལ་རྩའི་ཞབས་ཞུའི་ལམ་སྲོལ་ལ་བརྟེན་ནས་གྲོང་ཚོ་རེ་རེ་བཞིན་དངུལ་རྩའི་རེ་ཞུ་མཐིལ་རྟོགས་བྱས་ཏེ་ས་ཁོངས་ཧྲིལ་པོའི་ཞིང་འབྲོག་དུད་ཚང་གི་དངུལ་རྩའི་རྩིས་ཁྲ་བཟོས་པ་དང་ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས“ཞིང་གསུམ”ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་ཕྱོགས་ཡོད། ཟླ་7པའི་ཟླ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་43.21ཟིན་པ་དེ་དུས་མཚུངས་ལས་36.7%འཕར་བ་དང་། ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་140.57ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།