དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གངས་ལྗོངས་ས་མཐོར་ཚན་རིག་གི་འོད་སྣང་འཕྲོ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-14

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གསར་གཏོད་དང་ཚན་རིག་ཁྱབ་གདལ་ནི་གསར་གཏོད་འཕེལ་རྒྱས་ཀྱི་གཤོག་ཟུང་ལྟ་བུ་ཡིན་པས། ཚན་རིག་ཁྱབ་གདལ་གཏོང་རྒྱུ་དེ་ཚན་རྩལ་གསར་གཏོད་དང་གཅིག་མཚུངས་ཀྱི་གལ་ཆེའི་གནས་བབ་ཐོག་འཇོག་དགོས། ཚན་རིག་ཁྱབ་གདལ་ནི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་གཏོང་གི་རྨང་གཞིའི་འདུ་འགོད་ཅིག་ཡིན་ལ། བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། རང་ལྗོངས་ཀྱིས་ས་མཐོའི་དོན་དངོས་ལ་གཞི་ཚུགས་ནས་ཁུལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་ཤེས་བྱ་འགྲེམས་ཁང་ནས་ཐོན་པ་དང་གྲོང་གསེབ་ཀྱི་འཚོ་བར་ཁྱབ་རྒྱུར་སྐུལ་འདེད་གཏོང་བ། ནོར་འཛོལ་གྱི་ངོས་འཛིན་མེད་པར་བཟོ་བ། ཚན་རིག་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་སྒུལ་ཤུགས་བསྣན་ཡོད།

    ཚན་རིག་ཁྱབ་གདལ་གྱི་ལག་ལེན་གཏིང་ཟབ་ཏུ་བཏང་ནས་དམངས་ཡོངས་ཀྱི་ཚན་རིག་ངོས་འཛིན་གྱི་རྨང་གཞི་བརྟན་དུ་བཏང་ཞིང་། ས་ཁམས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པས་སྔོན་ཆད་རང་ལྗོངས་ཀྱི་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ཁྱབ་རྒྱར་ཚད་ཡོད་པ་དང་རྣམ་པ་རྐྱང་པ་ཡིན། ད་ཆ་རང་ལྗོངས་ཀྱིས་ཚན་རིག་ཁྱབ་གདལ་ཞབས་ཞུའི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་སྟེ་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གིས་སྣེ་འདྲེན་དང་རིམ་ཁག་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་འདེགས་སྐྱོར་དུ་བྱས་ཏེ་ཐག་ཉེ་སར་ཚན་རྩལ་ཉམས་ལེན་ལས་སྟེགས་བསྐྲུན་ཡོད། ཚན་རིག་ཁྱབ་གདལ་གྱི“གཤམ་སྤེལ་ལྔའི”བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་ཚན་རྩལ་གཤམ་སྤེལ་དང་ས་ཡུལ་དངོས་སུ་སྒྲོག་འགྲེལ་བྱེད་པ་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ་ནས་ཚན་རིག་དང་མཐུན་པའི་འདེབས་གསོ་དང་། སྐྱེ་ཁམས་སྲུང་སྐྱོང་། གནོད་འཚེ་སྔོན་འགོག་དང་ཉེན་གཡོལ། འཕྲོད་བསྟེན་བདེ་ཐང་བཅས་ཀྱི་ཤེས་བྱ་སྦྲ་གུར་དང་སློབ་གྲྭར་ཁྱབ་གདལ་བཏང་བ་རེད། རྒྱ་ཆེའི་གཞི་རིམ་གྱི་ཚན་རིག་ཁྱབ་གདལ་ལས་དོན་པ་ས་མཐོར་བསྐྱོད་དེ་སྤྱོད་གོ་ཆོད་པའི་རྩལ་ནུས་ཁྱབ་གདལ་གཏོང་བ་དང་ཆབས་ཅིག་ཚན་རིག་གི་སྙིང་སྟོབས་བརྒྱུད་སྤྲོད་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོས་ཚན་རིག་ལ་ཡིད་ཆེས་དང་ཚན་རིག་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད།

    ཚན་རིག་ཁྱབ་གདལ་གྱི་གཞི་རྟེན་གསར་གཏོད་བྱས་ནས་ས་མཐོའི་ཚན་རིག་ཁྱབ་གདལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཤིང་། དུས་རབས་གསར་པར་ཚན་རིག་ཁྱབ་གདལ་ཐད་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ནས་ཕྱོགས་རྐྱང་པའི་སྒྲོག་འགྲེལ་ནས་ཕྱོགས་གཉིས་ཀྱི་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ་དྲ་ཐོག་དང་དྲ་ཕྱི་ཚང་མར་ཁྱབ་པར་བྱས་ཡོད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་འཐབ་སར་བརྟེན་ནས་རང་ཡུལ་ཅན་གྱི་སྒྲོག་འགྲེལ་དཔུང་ཁག་འཛུགས་པ་དང་། བོད་རྒྱ་སྐད་གཉིས་སྤྱོད་པ། ཡུལ་སྐད་ནས་ཚན་རིག་ཤེས་བྱར་འགྲེལ་བཤད་རྒྱག་པ། འདུ་ཤེས་རྙིང་པ་དོར་བ་བཅས་བྱས་ནས་ཤེས་དཔལ་སྲོལ་བཟང་དར་སྤེལ་བཏང་བ་དང་། གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་ཚན་རིག་ཁྱབ་གདལ་གྱི་ལས་སྟེགས་བསྐྲུན་ཏེ་གསར་གཏོད་ཀྱི་ས་བོན་བཏབ་པ། ཚན་རིག་ཁྱབ་གདལ་གྱི་བོད་སྐྱོར་ལ་བརྟེན་ནས་ཐོན་ཁུངས་ཀྱི་ཞན་ཆ་སེལ་བ་དང་སྨྱན་སྦྱོར་གསར་པའི་སྒྲོམ་གཞིར་བརྟེན་ནས་ཡུལ་དུས་ཀྱི་བཀག་རྒྱ་མེད་པར་བཟོས་ཏེ། ཚན་རིག་དང་མཐུན་པའི་སྐད་སྒྲ་གངས་ལྗོངས་ས་གཞིར་ཁྱབ་པ་དང་ཚན་རིག་ལ་བརྩི་མཐོང་བྱེད་པའི་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་ཐུབ་པར་བྱས་ཡོད།

    མཐུན་སྦྱོར་སྤུས་འདེགས་ལ་དམིགས་ཏེ་ཚན་རྩལ་ཁྱབ་གདལ་གྱི་དངོས་སྒྲུབ་ལ་བརྟེན་ནས་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཤིང་། ཚན་རྩལ་ཁྱབ་གདལ་ལས་དོན་གྱིས་ལྗོངས་ཡོངས་ཀྱི“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཚན་རྩལ་ཁྱབ་གདལ་གྱི་ཕན་ནུས་དེ་འཕེལ་རྒྱས་བཅོས་སྐྱོང་གི་ཕན་འབྲས་དངོས་ལ་བསྒྱུར་ཡོད། གྲོང་གསེབ་དར་རྒྱས་གཏོང་རིང་འདེབས་གསོ་ལས་སྣོན་ལག་རྩལ་ཁྱབ་གདལ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་ལ་དམིགས་ནས་མང་ཚོགས་ཚོར་སྔོ་ལྗང་རི་ཀླུང་སྲུང་རྒྱུར་ཁྲིད་སྟོན་བྱས་པ། གནོད་འཚེའི་ཉེན་གཡོལ་ཤེས་བྱ་ཁྱབ་གདལ་བཏང་ནས་གཞི་རིམ་གྱི་འཕྲལ་སྡོམ་ནུས་པ་ཆེ་རུ་བཏང་བ། ཚན་རིག་ཁྱབ་གདལ་གཏོང་རྒྱུ་དེ་གཞི་རིམ་བཅོས་སྐྱོང་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་བསམ་བློར་བརྟེན་ནས་ཤེས་དཔལ་གྱི་ཡུལ་སྲོལ་བཟང་པོ་འཇགས་པར་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྤྱི་ཚོགས་ཀྱི་ས་རྒྱུ་མཁོ་འདོན་བྱས་ཡོད།

    ཚན་རྩལ་ཁྱབ་གདལ་དར་ན་དམངས་འཚོ་དར། ཚན་རྩལ་སྟོབས་ཆེར་སོང་ན་ས་མཐོ་སྟོབས་ཆེར་སོང་། རྒྱང་ལམ་གསར་པར་རང་ལྗོངས་ཀྱི་ཚན་རྩལ་ཁྱབ་གདལ་བྱ་གཞག་ལ་སྔར་བཞིན་གཞི་རིམ་གྱི་ཐོན་ཁུངས་དོ་སྙོམས་མེད་པ་དང་། ཁྱད་ལྡན་སྤུས་རྟགས་མང་པོ་མེད་པ། ཆེད་ལས་ཤེས་ལྡན་པ་དཀོན་པ་སོགས་ཀྱི་དངོས་ཡོད་དཀའ་གནད་འཕྲད་ཡོད། ཚན་རིག་ཁྱབ་གདལ་གཏོང་རྒྱུ་དེ་ཤེས་བྱ་བརྒྱུད་བསྒྲགས་བྱེད་པ་ཙམ་མིན་པར་རྨང་རྩ་གཉིས་བརྟན་གྱི་བསམ་བློའི་འདུ་འགོད་ཅིག་རེད། ང་ཚོས་ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་གཤམ་སྤེལ་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། བརྒྱུད་སྤེལ་བྱེད་སྟངས་གསར་གཏོད་བྱེད་པ། ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། ས་མཐོའི་ཁྱད་ལྡན་ཚན་རིག་ཁྱབ་གདལ་ཡག་པོ་གཏོང་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། ཚན་རིག་ཁྱབ་གདལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་ནམ་ཡང་བཞད་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་སྟོབས་དང་བསམ་བློའི་འགན་སྲུང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།