ལྷ་སས་ས་མཐོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་མཚོན་བཏོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“གྲངས་འཛིན་ལྷ་ས”འཛུགས་སྐྲུན་བྱེད་ཟབ་ཏུ་རྒྱུན་མཐུད་གཏོང་བ་དང་། “གྲངས་འཛིན་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་རིམ་འཇུག་རིམ་སྤོར་དང་། གྲངས་འཛིན་ཐོན་ལས་ཀྱི་ནུས་པ་རྒྱུན་མཐུད་ཆེར་གཏོང་། ཐོན་ལས་ཚོགས་པའི་ནུས་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་སོང་ནས། མང་ཚོགས་ལ་གྲངས་འཛིན་གྱི་ཕན་པ་ཐོབ་ཡོད་པ་རེད།
ལྷ་སའི་འཐབ་ཇུས་ཁུལ་གནས་ཀྱི་ལེགས་ཆ་མངོན་གསལ་དོད་པས། འདི་ནི་བོད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐེག་ཁུལ་དང་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་ནུབ་རྒྱུད་རྩིས་ནུས་ཀྱི་མཚམས་ཚིགས་གལ་ཆེན་ཞིག་རེད། དེས་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་ཐད་སྦྲེལ་ས་ཚིགས་དང་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་གི་འཛུལ་སྒོ་ཐོན་སྒོའི་ལྟེ་བ་གཉིས་ལ་བརྟེན་ནས། གྲངས་འཛིན་ཕྱི་ཕྱོགས་སྒོ་དབྱེའི་ནུས་པ་ཆེ་རུ་རྒྱུན་མཐུད་སོང་བས། དེ་ནི་རྒྱལ་ཡོངས་ཀྱི་གྲངས་འཛིན་ཐོན་ཁུངས་སྦྲེལ་མཐུད་དང་རྒྱལ་སྒྲོལ་གྲངས་འཛིན་མཉམ་ལས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་རིགས་ཀྱི་ཁེ་ལས་3271ཟིན་པའི་ཁྲོད་གཞི་ཁྱོན་ཡན་གྱི་ཁེ་ལས་40ཡོད་པ་དེས་ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་56.3%བཟུང་ཡོད། 2025ལོར་གྲོང་ཁྱེར་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་93.77ཟིན་ནས་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་16.2%ཀྱིས་མཐོ་བ་ཡོད་པ་རེད།
མང་ཚོགས་ལ་གྲངས་འཛིན་གྱི་ཕན་པ་ཐོབ་པར་བྱ་རྒྱུ་ནི་ལྷ་སས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཞི་རྩའི་དོན་ལ་འབབ་ས་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། རྩིས་ནུས་ཀྱི་རྨང་གཞི་དང་། ལས་སྟེགས་འཛུགས་སྐྲུན། ཡུལ་རྣམ་དོན་འཁྱོལ་བཅས་ལ་སྤྱི་འདོམས་བྱས་པས། དམངས་འཚོའི་གྲངས་འཛིན་ཅན་གྱི་ཁྱབ་ཁོངས་ཁྲོད་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད། རིག་ལྡན་རྒན་གསོ་འཛུགས་སྐྲུན་ཐད་གྲོང་ཁྱེར་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་25ཚུད་པའི་རིག་ནུས་བདེ་འཇགས་ལྟ་འདོམས་ལས་སྟེགས་བསྐྲུན་ནས། མེ་ཟོན་དང་། གློག་སྤྱོད། བོར་བརླག་སོགས་ཀྱི་ཉེན་ཁར་སྔོན་ཚུད་ནས་ཉེན་བརྡ་བཏང་སྟེ། རྒན་རྒོན་གྱི་བདེ་འཇགས་འགན་ལེན་གྱི་ཆུ་ཚད་མཐོ་རུ་ངེས་ཅན་ཕྱིན་ཡོད། རིག་ལྡན་སྲིད་དོན་འཛུགས་སྐྱོང་ཐད་རང་ཡུལ་ཅན་གྱི་བཀོད་སྒྲིག་གི་སྲིད་དོན་དཔེ་དབྱིབས་ཆེན་པོར་བརྟེན་ནས། “གདོང་བཤེར་ལས་སྒྲུབ”དང“རྒྱུ་ཆ་མེད་པའི”ཞབས་ཞུ་ཁྱབ་གདལ་བཏང་སྟེ། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལས་གཉེར་ལག་ཁྱེར་ཞིབ་མཆན་དང་སྤྲོད་པའི་དུས་ཚོད་སྐར་མ་5ཡི་ནང་ཚུན་བར་ཐུང་དུ་ཕྱིན་པས། བྱེད་ཐབས་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་2025ལོའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་མཚོན་ནང་དོན་དུ་བདམས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།