བསོད་ནམས་ཕུན་ཚོགས་ཀྱིས།
རི་ཁུག་ཏུ་སློབ་གསོའི་ལས་ལ་རྩེ་གཅིག་ཏུ་གཞོལ་བ།
བོད་རང་སྐྱོང་ལྗོངས་དཔལ་འབར་རྫོང་རྨའུ་ཤང་སློབ་ཆུང་གི་སློབ་སྤྱི་བསོད་ནམས་ཕུན་ཚོགས་ཀྱིས་2006ལོ་ནས་2026ལོ་བར་མི་ལོ་ཧྲིལ་པོ་20ཡི་རིང་ས་བབ་སྨི་4000ཡན་གྱི་བོད་ཤར་རྒྱུད་ས་མཐོར་གཞིས་ཆགས་ཏེ། མཐོ་གྲང་གསོ་རླུང་དཀོན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་རི་ཁུག་ཏུ་ཕྲུ་གུ་ཚོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལས་གནས་བརྟན་སྲུང་དང་ལང་ཚོ་སྐྱེས་སུ་ཕུལ་ཏེ་རེ་བའི་སྒྲོན་མེ་སྤར་ཡོད།
བསོད་ནམས་ཕུན་ཚོགས་ཆུང་དུས་སློབ་གྲྭར་འགྲོ་རིང་དགེ་རྒན་མང་པོའི་ཐུགས་ཁུར་དང་རོགས་རམ་ཐོབ་མྱོང་བས། དྲོ་སྐྱིད་དེ་ཁོང་གི་སེམས་གཏིང་ནས་བརྗེད་ཐབས་བྲལ། སློབ་གྲྭ་ཐོན་ཏེ་འཆད་སྟེགས་ཐོག་སླེབས་རྗེས་ཁོང་གིས་རྒན་རབས་ཚོའི་ཐུགས་ཁུར་དང་རོགས་རམ་དེ་ཕ་ཡུལ་གྱི་སློབ་མར་བཅངས་པའི་བརྩེ་བ་ཟབ་མོར་སྒྱུར་ཡོད།
ལས་ཀར་ཞུགས་མ་ཐག་བསོད་ནམས་ཕུན་ཚོགས་ཀྱིས་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་དུ་བཤོལ་འགོག་སློབ་སྐྱོང་ལས་ཀའི་འགན་འཁུར་ཡོད། སྐབས་དེ་དུས་ཕྲུ་གུས་སློབ་མཚམས་བཞག་ནས་ཕྱུགས་རིགས་འཚོ་བར་འགྲོ་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད། ཕྲུ་གུ་གཅིག་ཀྱང་སློབ་ཤོར་མི་ཡོང་བ་བྱ་ཆེད། ཁོང་གིས་སྦག་སྦག་བཞོན་ནས་ཀྱག་ཀྱོག་གི་རི་ལམ་བརྒྱུད་ལ་ཀླུང་བརྒལ་ནས་དུད་ཚང་200ལྷག་ཙམ་ལ་བསམ་བློའི་སློབ་གསོ་རྒྱག་པར་བསྐྱོད།
རྗེས་སུ་བསོད་ནམས་ཕུན་ཚོགས་ཆ་རྐྱེན་ཞན་པའི་རྡོ་ཤོད་གྲོང་ཚོར་དགེ་རྒན་བྱེད་པར་བསྐྱོད། རི་ཚོགས་ཀྱིས་བསྐོར་བའི་ས་ཆ་དེའི་ཆ་རྐྱེན་ཞན་པས་དགེ་རྒན་ཡུན་རིང་སྡོད་མི་ཐུབ་སྟབས། སློབ་དུས་རེར་དགེ་རྒན་བརྗེ་པོ་རྒྱག་དགོས་ཀྱི་ཡོད། “ང་འདི་གར་སྡོད་དུ་འཇུག་རོགས། དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆར་གྲུབ་འབྲས་ཐོབ་པ་བྱེད་ཀྱི་ཡིན”ཞེས་ཁོང་གིས་རང་འགུལ་ངང་དེ་གར་སྡོད་རྒྱུའི་རེ་འདུན་ཞུས་ནས་ལོ་3ཏག་ཏག་བསྡད།
2016ལོའི་ཟླ་4པར། བསོད་ནམས་ཕུན་ཚོགས་ཀྱིས་ལྕགས་གོང་ཤང་སློབ་ཆུང་གི་སློབ་སྤྱིའི་འགན་འཁུར། སྐབས་དེ་དུས་སློབ་གྲྭ་དེའི་རྨང་གཞི་ཞན་པ་དང་། དགེ་རྒན་དཀོན་པ། སློབ་ཁྲིད་སྦྱངས་འབྲས་རྫོང་ཡོངས་ཀྱི་མཇུག་ཏུ་ལུས་ཡོད། སློབ་གྲྭར་གློག་དྲ་སྦྲེལ་མཐུད་མ་ཐུབ་པས་འོད་ཤུགས་གློག་གཏོང་ཁོ་ནར་བརྟེན་ནས་གློག་སྒྲོན་སྤོར་དགོས་པ་དང་། འཁྱགས་སྒམ་བེད་སྤྱོད་བྱེད་ཐབས་བྲལ་བས་བཟའ་བཅའ་གྲང་ཉར་བྱེད་ཐབས་བྲལ་བ། དགེ་སློབ་ཀྱི་ལྟོ་ཆས་ལ་འགན་ལེན་བྱེད་ཐབས་བྲལ་བ་བཅས་ཀྱི་དཀའ་ངལ་འཕྲད་ཡོད། དཀའ་གནད་དེ་དག་སེལ་ཆེད། ཁོང་གིས་ཕྱོགས་མང་པོ་ནས་ཆེད་དངུལ་སྒོར་ཁྲི་2རག་ཐབས་བྱས་ཏེ་ཆན་ཝ་7གྱི་ཆུ་ཤུགས་གློག་གཏོང་སྒྲིག་ཆས་ཆུང་གྲས་ཤིག་ཉོས། ཆེད་ལས་ཨར་ལས་རུ་ཁག་མེད་པས་ཁོང་གིས་དགེ་རྒན་བུ་4ཁྲིད་དེ་སློབ་གསེང་གི་དུས་ཚོད་ནང་གཙང་འགྲམ་ནས་བྱེ་མ་དབོར་བ་སོགས་རང་ཉིད་ངོ་མ་འཛུགས་སྐྲུན་ནང་ཞུགས། ཟླ་བ་གཉིས་སོང་རྗེས་ཆུ་ཤུགས་གློག་ཁང་ཆུང་གྲས་དེ་བསྐྲུན་ཟིན་པ་དང་། གློག་ཤར་གཏོང་ཐུབ་པའི་མཚན་མོ་དེར་སློབ་ཁང་དང་ཉལ་ཁང་གློག་འོད་ཀྱིས་གསལ་ཐིང་ངེར་གྱུར་བ་མ་ཟད། དགེ་སློབ་ཚོའི་སེམས་ཀྱང་སྐྱ་ཐིང་ངེར་གྱུར།
2023ལོར། བསོད་ནམས་ཕུན་ཚོགས་ཀྱིས་རྨའུ་ཤང་སློབ་ཆུང་གི་སློབ་སྤྱི་བྱས། སློབ་གྲྭ་གནས་ས་དེ་ས་བབ་སྨི་4000ཡན་ཟིན་པ་དང་། སློབ་གྲྭའི་སྒྲིག་ཆས་རྙིང་པར་གྱུར་བ། སློབ་ཁྲིད་སྤུས་ཚད་ཞན་པ་བཅས་ཡོད། དཀའ་གནད་སྣ་ཚོགས་ཀྱི་མདུན་དུ་བསོད་ནམས་ཕུན་ཚོགས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་མདུན་དུ་བསྐྱོད།
ལོ་དེ་དག་ནང་བསོད་ནམས་ཕུན་ཚོགས་ཀྱིས་ཕྲུ་གུ་ཚོ་སེམས་ནས་བོར་མྱོང་མེད། སློབ་མ་ཞིག་གི་ཁྱིམ་ཚང་ཆ་རྐྱེན་ཞན་པས་བསོད་ནམས་ཕུན་ཚོགས་ཀྱིས་གང་སར་བསྐྱོད་དེ་གཅེས་སེམས་མི་སྣར་འབྲེལ་བ་བྱས་ནས་། ཡུན་རིང་གི་འཚོ་བའི་རོཌ་དངུལ་རག་ཐབས་བྱས། གཅེས་སེམས་མི་སྣའི་སེམས་རྩ་འཁོལ་བའི་རོགས་སྐྱོར་འོག་སློབ་མ་དེ་སློབ་གྲྭ་ཆེ་མོར་འགྲོ་ཐུབ་ཡོད། “གལ་ཏེ་རྒན་བསོད་ནམས་ལགས་མེད་ཚེ་ང་རང་སྔ་ས་ནས་སློབ་གྲྭར་འགྲོ་མཚམས་ཆད་ཡོད། ཁོང་གིས་ངའི་ལས་དབང་ལ་འགྱུར་ལྡོག་བཏང་བྱུང”ཞེས་རོགས་སྐྱོར་ཐོབ་པའི་སློབ་མ་དེས་བཤད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་2026ལོའི་ཟླ་10ཚེས་6ཉིན་གྱི་པར་ངོས་8པ་ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།