ཅི་འཕྲོས་མོལ་འཕྲོས་ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ།
—— ཟངས་རི་རྫོང་གིས་བཅའ་ཁྲིམས་ཁྱབ་གདལ“གཞན་གྱིས་ཁྲིམས་ཤོད་པ”ནས“རང་གིས་ཁྲིམས་སྦྱོང་བའི”བར་འགྱུར་ལྡོག་བཏང་བ།
ཟླ་9ཚེས་22ཉིན་གྱི་ས་སྲོས་སུ། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་བྲག་དཀར་གྲོང་གསར་དུ་ཉིན་གཅིག་གི་འཁྲུག་ཆ་རིམ་གྱིས་ཡལ་ཞིང་། གསར་འགོད་པ་བློ་བཟང་ཚེ་རིང་གི་ཁྱིམ་དུ་སྐྱོད་སྐབས་ཇ་བསྲུབས་མ་རླངས་པ་འཚུབ་འཚུབ་དང་གསོལ་ལྕོག་ཐོག་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》བསྒྲིགས་འདུག
“གཞི་ནས་ངེད་ཚང་ལ་སླེབས་སོང་། འདྲུད་སྒམ་འདི་ཡོད་ཕྱིན་ཁྲིམས་མི་ཤེས་པ་དང་གཡོ་འོག་ཏུ་ཚུད་པའི་སེམས་ཁྲལ་མེད” ཁྲིམས་སྐྱོང་འདྲུད་སྒམ“038”པ་དེ་གོང་གི་དུད་ཚང་གི་ཡུལ་མིས་བློ་བཟང་ཚེ་རིང་ལ་སྤྲད་པ་རེད།
རྩིས་སྤྲོད་རྩིས་ལེན་བྱས་རྗེས་བློ་བཟང་ཚེ་རིང་གི་ནང་མི་ཚང་མ་གྲལ་སྒོར་དུ་བསྡད་ནས་དམངས་དོན་ཁྲིམས་གཞུང་ནང་གི་གཉེན་སྒྲིག་དང་ཁྱིམ་ཚང་སྐོར་གྱི་ལེ་ཚན་ཀློག་འགོ་ཚུགས། བུ་ཡིས་སྔོན་ལ་རྒྱ་སྐད་ཐོག་ནས“བཟའ་ཚང་ཁ་བྲལ་གོང་གི་བསམ་བློ་གཏོང་བའི་དུས”ཞེས་པའི་དོན་ཚན་བཀླགས་རྗེས་སླར་ཡང་བོད་སྐད་ཐོག་ནས་རྨོ་བོར་འགྲེལ་བཤད་བརྒྱབ། རྨོ་བོས་སྨིན་མ་བསྡུ་བཞིན“བཟའ་མི་གཉིས་ཁ་རྩོད་ཤོར་ནས་ཁ་བྲལ་སྙམ་ན་ད་དུང་ཉིན་30སྒུག་དགོས་སམ”ཞེས་དྲིས་པར། བློ་བཟང་ཚེ་རིང་གིས་འཛུམ་དམུལ་དམུལ་ངང“ཨ་མ་ལགས། ཁ་བྲལ་དུ་མི་འཇུག་པ་མིན་པར་ང་རྒྱལ་བཅག་ནས་བསམ་བློ་གཏོང་དུ་འཇུག་ཆེད་རེད”ཅེས་བཤད།
ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་དང་། བཟའ་ཚང་ཁ་བྲལ་གོང་གི་བསམ་བློ་གཏོང་བའི་དུས། ཕ་མས་བུ་ཕྲུག་སྐྱོང་སྟངས་སོགས་སྐོར་གྱི་བཅའ་ཁྲིམས་དོན་ཚན་དེ་དག་བློ་བཟང་ཚེ་རིང་གི་ངོས་ནས་བརྗོད་ན་རྣམ་ཀུན་གཞན་ངོ་སྲུང་བ་ལས་གནས་ལུགས་མི་བརྩི་བའི་འཚོ་བའི་ནང་གི་རྙོག་དྲར་བཅའ་ཁྲིམས་ཀྱི་ཚད་གཞི་ལྡན་པར་གྱུར།
ཁྲིམས་སྐྱོང་འདྲུད་སྒམ་དུད་ཚང་རེ་རེ་བཞིན་ལ་རེས་སྐོར་གྱིས་ཉིན་7འཇོག་གི་ཡོད་ཅིང་། ཕ་མས་ཡི་གེ་མ་ཤེས་ཚེ་ཕྲུ་གུས་སྐད་སྒྱུར་བྱེད་རོགས་བྱེད་ཀྱི་ཡོད། འདྲུད་སྒམ་གཅིག་ཁྱིམ་ཚང་གཅིག་ནས་གཅིག་ལ་བརྒྱུད་དེ་ཁྲིམས་སྐྱོང་གི་དཔལ་འབར་གྲོང་གསེབ་ཀྱི་དུད་ཁྱིམ་དུ་བརྒྱུད་སྤྲོད་བྱེད་བཞིན་ཡོད།
2025ལོའི་ཟླ་11པར། ཟངས་རི་རྫོང་གི་ཁག་དང་པོའི“ཁྲིམས་སྐྱོང་འདྲུད་སྒམ”8བྲག་དཀར་གྲོང་གསར་དུ་ཚོད་ལྟར་སྤྱད་པ་དང་། མང་ཚོགས་ཀྱིས་གྲལ་སྒོར་དུ་བསྡད་དེ་རྩ་གཉིས་ཨང་རྟགས་བཤེར་ནས་བཅའ་ཁྲིམས་སྦྱངས་པས། ཚོད་ལྟ་བྱེད་རིང་འགལ་ཟླ་དང་རྩོད་གཞི་དུས་མཚུངས་ལས་50%ཆག་ཡོད། ད་ལོའི་ཟླ་4པར་ཟངས་རི་རྫོང་གིས་རྫོང་ཡོངས་སུ་ཁྱབ་གདལ་བཏང་ཞིང་། ལྗོངས་ཡོངས་ཀྱི་གཞི་རིམ་གྱི་བཅའ་ཁྲིམས་ཁྱབ་གདལ་གྱི་གསར་གཏོད་ལག་ལེན་ཐོག་མ་ཞིག་ཡིན་པའི་ངོས་ནས“ཁྲིམས་སྐྱོང་འདྲུད་སྒམ”110གྲོང་ཚོ(སྡེ་ཁུལ)38ལ་སྤྲད་དེ“དུད་ཚང་གཅིག་གིས་གཅིག་ལ་སྤྲོད་པ་དང་ཉིན་བདུན་རེས་སྐོར་རྒྱག་པའི”ལམ་སྲོལ་ཁྱབ་གདལ་བཏང་བ་རེད། འདྲུད་སྒམ་ཆུང་ཆུང་གཅིག་གིས་གཞི་རིམ་གྱི་བཅའ་ཁྲིམས་ཁྱབ་གདལ་གྱི་འཕོ་འགྱུར་ཆེན་པོར་སྐུལ་ཁྲིད་ཐེབས་ནས་བཅའ་ཁྲིམས་ཁྱབ་གདལ་དེ་ཉིད“འཕྲལ་སྒྲུབ་རྣམ་པ”ནས“ཐིགས་ཆུའི་རྣམ་པར”འགྱུར་ལྡོག་འགྲོ་བ་དང“གཞན་གྱིས་ཁྲིམས་ཤོད་པ”ནས“རང་གིས་ཁྲིམས་སྦྱོང་བར”འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
“ང་ཚོས་ད་དུང་ལྕག་སྐུལ་ལམ་སྲོལ་ཡང་བཙུགས་ནས་གྲོང་ཚོ་རིམ་པའི་བཅའ་ཁྲིམས་སློབ་སྦྱོང་བྱེད་མཁན་ཡག་ཤོས་དང་། ཤང་དང་གྲོང་རྡལ་གྱི་བཅའ་ཁྲིམས་སློབ་སྦྱོང་དཔེ་བཟང་ཁྱིམ་ཚང་། རྫོང་རིམ་པའི་དཔེ་སྟོན་ཁྱིམ་ཚང་། ཕུལ་བྱུང་རྩ་འཛུགས་ཚན་པ་བཅས་བདམས་ཡོད”ཅེས་ཟངས་རི་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་གྱིས་ངོ་སྤྲོད་བྱས། ཁོང་གིས་ད་ཆ་རྫོང་ཡོངས་ནས་སློབ་སྦྱོང་ནང་ཞུགས་མཁན་ཁྱིམ་ཚང་1100ལྷག་ཙམ་ཟིན་པ་དང་། མང་ཚོཌ་ཀྱིས་བྲིས་པའི་སློབ་སྦྱོང་གི་མྱོང་ཚོར་400ཙམ་ཟིན་པ། བཅའ་ཁྲིམས་བློ་འདྲི་བྱེད་ཚད་དུས་མཚུངས་ལས་65%འཕར་བ། འགལ་ཟླ་དང་རྩོད་གཞིའི་བསྡོམས་འབོར་དུས་མཚུངས་ལས་42%ཆག་ཡོད་ཅེས་བཤད།
ད་ཆ་འདི་ལྟ་བུའི་ཁྲིམས་སྐྱོང་གི་གཡུལ་ས་ཟངས་རི་རྫོང་དུ་ལུ་གུ་རྒྱུད་དུ་ཆཌ་ཡོད། ཁྲིམས་སྐྱོང་སྤྱི་གླིང་གི་དམངས་དོན་ཁྲིམས་གཞུང་འགྲོ་ལམ་དང་། རྩ་ཁྲིམས་དྲིལ་བསྒྲགས་སྒྲོམ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་འགྲེམས་པང་བཅས་ཀྱིས་མང་ཚོགས་ཀྱི་ཡིད་དབང་བཀུག་པ་དང་། ཁྲིམས་སྐྱོང་ཐང་ཆེན་གྱི་LEDབརྙན་ཤེལ་ཐོག་བཅའ་ཁྲིམས་ཁྱབ་གདལ་གྱི་བརྙན་ཐུང་སྟོན་བཞིན་ཡོད།
ཟངས་རི་རྫོང་དུ་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་13གྱི་མང་ཚོགས་མཉམ་དུ་འཚོ་སྡོད་བྱེད་ཀྱི་ཡོད་པས། གྲངས་ཉུང་མི་རིགས་ཀྱི་བསྡུར་ཚད་མཐོ་པོ་ཡོད། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་བརྒྱུད་རིམ་ཁྲོད་མི་རིགས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། ཟངས་རི་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། ཏང་འཛུགས་སྐྱོང་དང་། ཁྲིམས་སྐྱོང་། མཐུན་སྒྲིལ་བཅས་ཟུང་དུ་འབྲེལ་བའི་ལས་ཀའི་མ་ལག་བཙུགས་ནས“ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ”བཅས་ཀྱི་དར་སྲོལ་ཞིག་ཆགས་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།