“འབུམ་རམས་པ་ལིའུ་ལགས”དང་གནའ་བོའི་སྟར་སྡོང་3657དབར་གྱི་ལས་འབྲེལ།
ལིའུ་ལི་ཕིང་ནི་ཁྲང་ཅང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཡིན་པ་དང་2021ལོའི་ཟླ་3པར་ཁོང་ཁྲང་ཅང་སློབ་ཆེན་གྱིས་འགན་འཁུར་བའི་ཧུའུ་པེ་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ཚན་རྩལ་བོད་སྐྱོར་རྣམ་གྲངས་ཚོགས་པ་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་ཡོང་ཡོད།
རྒྱ་ཚར་སླེབས་ནས་ད་བར་ལོ་5སོང་བ་དང་ད་ལོ་མུ་མཐུད་ལོ་3སྡོད་རྒྱུའི་ཁས་བླངས་ཡོད།
ལིའུ་ལི་ཕིང་གིས་བློས་མི་མཐོང་བ་ནི་རྒྱ་ཚའི་སྟར་སྡོང་རེད།
“ང་སྲུང་སྐྱོང་བ་ཞིག་བྱེད་འདོད་འདུག སྟར་སྡོང་དེ་དག་ནི་ཡུལ་དེ་གའི་མང་ཚོགས་ཀྱི་འབབ་ཁུངས་གཙོ་བོ་རེད། ང་ཚོར་སྟར་སྡོང་དེ་དག་སྐྱེ་འཚར་ལེགས་ལ་འབྲས་བུ་ཡག་པོ་བཏགས་ནས་མི་རབས་རྗེས་མར་རྩིས་སྤྲོད་པའི་འགན་འཁྲི་ཡོད”ཅེས་ལིའུ་ལི་ཕིང་གིས་བཤད།
གནའ་བོའི་སྟར་སྡོང་རེ་རེ་བཞིན་ཐོ་འགོད་བྱས་པ།
ལིའུ་ལི་ཕིང་གིས་རང་ཉིད་རྒྱ་ཚར་ཐོག་མར་འབྱོར་ནས་སྟར་སྡོང་དེ་དག་མཐོང་སྐབས་ཀྱི་ཧང་སངས་པའི་རྣམ་པ་ད་ལྟའང་དྲན་པའི་ཡོལ་བར་གསར་པོར་འཆར་གྱི་ཡོད།
ཡར་ཀླུང་གཙང་པོ་རྒྱུད་ཀྱི་ལུང་གཞུང་དུ་སྐྱོད་སྐབས་གནའ་བོའི་སྟར་སྡོང་གང་སར་མཐོང་རྒྱུ་ཡོད་ཅིང་། དེ་དག་གི་རྩེ་མོ་དགུང་ལ་བསྙེགས་ཤིང་ཡལ་འདབ་ཧ་ཅང་སྟུག
ལིའུ་ལི་ཕིང་གིས་དང་ཐོག་རྒྱ་ཚར་ཡོང་དོན་ནི་རྣམ་གྲངས་དང་། དཔྱད་རྩོམ། གོ་མིང་བཅས་ཀྱི་ཆེད་དུ་ཡིན་ཞེས་དྲང་པོར་བཤད།
དེ་རྗེས་ཀྱི་ལོ་5ལྷག་ཙམ་ནང་ལིའུ་ལི་ཕིང་གིས་མི་ལོ་བཞི་བཅུར་སླེབས་སྐབས་གནའ་བོའི་སྟར་སྡོང་མཐོང་སྐལ་བྱུང་བ་ནི་རང་ཉིད་ཀྱི་ངོས་ནས་བརྗོད་ན་ཐོབ་དཀའ་བའི་མི་ཚེའི་གོ་སྐབས་ཤིག་རེད་སྙམ།
ཤེས་རྟོགས་གཏིང་ཟབ་བྱས་པ་བརྒྱུད། ཡུལ་དེ་གའི་མང་ཚོགས་ཀྱིས“ནོར་གཞོང”བསྲུངས་ནས་འཚོ་བ་སྐྱོ་པོ་སྐྱེལ་བཞིན་ཡོད་པ་དང་སྤུས་ལེགས་ཀྱི་གནའ་བོའི་སྟར་སྡོང་ཐོན་ཁུངས་མི་སེར་གྱི་ཡོང་འབབ་ལ་འགྱུར་དཀའ་བ་ལིའུ་ལི་ཕིང་གིས་ཤེས་རྟོགས་བྱུང་ཡོད། དེ་བས་སེམས་ཁྲལ་བྱེད་དགོས་པ་ཞིག་ནི་བདག་སྐྱོང་ནུས་ལྡན་མ་ཐུབ་པས་གནའ་བོའི་སྟར་སྡོང་ལ་ཚད་མི་འདྲ་བའི་གཏོར་སྐྱོན་ཕོག་པ་དང་རྩ་བ་སྐམ་པ་སོགས་ཀྱི་གནད་དོན་འཕྲད་ཡོད།
ལིའུ་ལི་ཕིང་གིས་སྟར་སྡོང་ལ་ཡོངས་བཤེར་བྱེད་རྒྱུའི་སེམས་ཐག་བཅད།
ས་བབ་སྨི་3000ལྷག་ཙམ་ཡོད་པའི་ས་མཐོར་ཁོང་གིས་ཡུལ་དེ་གའི་ལས་བྱེད་པ་དང་ཡུལ་མི་དང་མཉམ་དུ་རི་ཁུག་དང་། ལུང་གཞུང་། གྲོང་ཚོ་ཁག་གི་ཁང་པའི་རྒྱབ་མདུན་བཅས་སུ་ཡོད་པའི་གནའ་བོའི་སྟར་སྡོང་རེ་རེ་བཞིན་བཙལ་ནས་ཐོ་འགོད་དང་། པར་ལེན། གནས་གཏན་འཁེལ་བཅས་བྱས་པ་མ་ཟད། ཆེད་གཏོགས་རྩ་གཉིས་ཨང་རྟགས་ཀྱི་གློག་རྡུལ་ཡིག་ཚགས་བཀོད་པའི་བྱང་བུ་ཡང་བཀལ་བ་རེད།
རྩད་ཞིབ་དང་བརྟག་དཔྱད་བྱས་པ་བརྒྱུད། ལིའུ་ལི་ཕིང་གིས་གནའ་བོའི་སྟར་སྡོང་3657གྱི་གནས་ཚུལ་ཤེས་རྟོགས་བྱུང་བས་རྒྱ་ཚའི་སྟར་ཁའི་ཐོན་ཁུངས་ཀྱི“ས་བཀྲ་གསོན་པོར”གྱུར།
“ཁོང་གིས་མི་གཞན་ལས་ཀྱང་སྡོང་པོ་འདི་དག་ལ་རྒྱུས་མངའ་ཆེ་བ་ཡོད”ཅེས་རྒྱ་ཚ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཡོན་ཏན་ཚེ་རིང་གིས་བཤད། ད་ལོ་འདིར་འགན་འཁུར་བར་སླེབས་མ་ཐག་པའི་ཁོང་གིས་རྟག་ཏུ་ལིའུ་ལི་ཕིང་ལ་གནའ་བོའི་སྟར་སྡོང་གི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཇི་ལྟར་བྱེད་དགོས་པའི་ཐད་སྐད་ཆ་འདྲི་བ་དང་། ད་ལྟ་ལག་ལེན་བསྟར་བཞིན་པའི་གནའ་བོའི་སྟར་སྡོང་སྐྱེ་འཚར་ཡག་པོ་ཡོང་བ་དང་སྲུང་སྐྱོང་རྣམ་གྲངས་ཐད་ལིའུ་ལི་ཕིང་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པར་བསྐོས།
སེམས་ནུས་ཡོད་རྒུ་ཡོངས་བཤེར་ཐད་འཇོག་དོན་ནི་ལིའུ་ལི་ཕིང་ལ“སྒེར་སེམས”ཤིག་ཡོད་ཅིང་། དེ་ནི་ཁོང་སྔར་རྒྱུན་བཞིན་དཔྱད་རྩོམ་འབྲི་དགོས་པ་དེ་ཡིན་མོད། འོན་ཀྱང་ད་ཐེངས་ཤོག་ཐོག་ཏུ་འབྲི་བ་ཙམ་མ་ཡིན་པར་རྒྱ་ཚའི་ལུང་གཞུང་དང་། ཡར་ཀླུང་གཙང་པོའི་ངོགས། གངས་ལྗོངས་ས་མཐོ་བཅས་སུ་འབྲི་རྒྱུ་དེ་ཡིན་པ་རེད།
མང་ཚོཌ་ཀྱིས་རིམ་བཞིན་ཁོང་ལ་དགའ་པོ་བྱེད་པ།
སྐྱེད་ཚལ་ལག་རྩལ་གྱི་རིགས་གཅིག་མཁས་ཅན་ལིའུ་ལི་ཕིང་གིས་བེད་སྤྱོད་བྱེད་པ་ནི་སྲུང་སྐྱོང་ཡག་ཤོས་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་པས་གནའ་བོའི་སྟར་སྡོང་དེ་དག་གི་ནུས་པ་ཐོན་པར་བྱེད་དགོས་ཀྱི་ཡོད།
ལིའུ་ལི་ཕིང་གིས་སྟར་སྡོང་ལ་སྦྱར་ག་རྒྱག་འདོད་པའི་བསམ་ཚུལ་ཤོད་སྐབས་ཡུལ་དེ་གའི་མི་སེར་ཚོས“སྟར་སྡོང་ལ་སྦྱར་ག་བརྒྱབ་ན་སྐམ་ངེས་རེད”ཅེས་བཤད། དེ་སྔ་ཡུལ་དེ་གའི་མང་ཚོགས་ཀྱིས་སྦྱར་ག་རྒྱག་པའི་ཚོད་ལྟ་བྱེད་མྱོང་ཡོད་མོད། འོན་ཀྱང་གསོན་ཚད་ཧ་ཅང་དམའ་བར་བརྟེན་སྟར་སྡོང་ལ་སྦྱར་ག་རྒྱག་ཐབས་བྲལ་བའི་ངོས་འཛིན་བྱེད་ཀྱི་ཡོད།
རྒྱུ་མཚན་གསལ་པོ་རྟོགས་རྗེས་ལིའུ་ལི་ཕིང་གིས་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུའི་སེམས་ཐག་བཅད།
ཕྱོགས་གཅིག་ནས་ལག་རྩལ་ལ་འགག་སྒྲོལ་བྱེད་ཅིང་། ཁོང་གིས་དཔེ་དེབ་ནང་གི་རིགས་པའི་གཞུང་ལུགས་དང་རྒྱ་ཚའི་གནམ་གཤིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚོད་ལྟ་བརྒྱ་ཕྲག་མང་པོ་བྱས་རྗེས། གཞི་ནས་ས་མཐོའི་སྟར་སྡོང་ལ་སྦྱར་ག་རྒྱག་པའི་དུས་སྐབས་བཟང་ཤོས་ཏེ། ལོ་ལྟར་གྱི་ཟླ་3པའི་ཟླ་སྨད་ནས་ཟླ་4པའི་ཟླ་སྟོད་བར་དང་དེ་བཞིན་ཟླ་6པ་ནི་དུས་སྐབས་ཡག་ཤོས་ཡིན་པ་གསལ་པོར་རྟོགས། ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད་སྦྱར་ག་བརྒྱབ་པའི་སྟར་སྡོང་གསོན་ཚད་བཅུ་ཆ་གསུམ་ཡང་མ་ཟིན་པ་ནས་བཅུ་ཆ་དགུ་ཙམ་བར་མང་དུ་ཕྱིན་ཡོད།
དེ་ལས་དཀའ་བ་ནི་མང་ཚོགས་ཀྱི་བློ་སྒོ་འབྱེད་རྒྱུ་དེ་རེད།
བྲོ་བ་ཞིམ་ལ་ཤུན་པགས་སྲབ་པའི་སྟར་སྡོང་གི་ཡལ་ག་བཙལ་ནས་སྦྱར་ག་རྒྱག་ཆེད། ཐོག་མའི་ལོ་དང་པོ་དང་གཉིས་པར་ཁོང་ལ་དཀའ་ངལ་མང་པོ་འཕྲད། སྐད་བརྡ་མི་འཕྲོད་པ་དང་རིག་གནས་མི་འདྲ་བའི་དབང་གིས་སྟར་སྡོང་འདེབས་མཁན་མང་པོ་ཞིག་གིས་ཐ་ན་ཁོང་གིས་མ་རུང་ཁོག་བཅངས་བྱེད་པའི་དོགས་པ་ཟ་གི་ཡོད། ཐབས་གཞན་མེད་པར་ཨ་ན་ཨུ་ཚུགས་ཀྱིས་ཁྱིམ་ཚང་རེ་རེ་བཞིན་ལ་བསམ་བློའི་སློབ་གསོ་རྒྱག་པར་སྐྱོད།
འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལིའུ་ལི་ཕིང་གིས་གནའ་བོའི་སྟར་སྡོང་སྟོང་ཕྲག་མང་པོའི་ཁྲོད་ནས་ས་མཐོར་འཚམ་པའི་སྤུས་ལེགས་སོན་བཟང་6བདམས་པ་དང་འབྲེལ། མུའུ་50ལྷག་ཙམ་གྱི་ཚད་ལྡན་ཅན་གྱི་སྙེ་འཐུ་ར་བ་དང་མྱུག་གསོའི་རྟེན་གཞི་བསྐྲུན་ནས་ལྷོ་ཁ་གྲོང་ཁྱེར་ལ་ས་མཐོའི་སྟར་ཀའི་སོན་བཟང་འདེབས་གསོ་མེད་པའི་སྟོང་ཆ་བསྐངས་པ་རེད།
ཡིད་ཆེས་ནི་ཡུན་རིང་མཉམ་གཤིབ་དང་ལག་ལེན་ཁྲོད་རིམ་བཞིན་གྲུབ་ཡོད།
ད་ཆ་ལིའུ་ལི་ཕིང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་སྐབས་མང་ཚོགས་ཚང་མས་དགའ་པོ་བྱེད་ཀྱི་ཡོད། ཡུལ་མི་ཚོས་འཚང་ཁ་ཤིག་ཤིག་ངང་ཁོང་ཁྱིམ་དུ་ཇ་འཐུང་བར་སྐད་གཏོང་བ་དང་རང་ཁྱིམ་གྱི་སྟར་སྡོང་ལ་ལྟ་བར་ཁྲིད་པ་མ་ཟད། ཁོང་ལ་ཤིང་འབྲས་སྣ་ཚོགས་སྤྲོད་ཀྱི་ཡོད། ཁོང་གིས་བཙུགས་པའི་ཞིང་ནང་སློབ་ཁང་དུ་བདག་སྐྱོང་ལག་རྩལ་སྦྱོང་བར་ཡོང་བའི་ཤིང་འབྲས་འདེབས་མཁན་མང་པོ་ཡོད།
ཚེ་གང་པོར་སྲུང་སྐྱོང་བྱེད་པ།
ལིའུ་ལི་ཕིང་གི་བསམ་ཕྱོགས་ཧ་ཅང་གསལ་པོ་རེད། རྒྱ་ཚའི་སྟར་ཀའི་ཐོན་ལས་སྟོབས་ཆེར་གཏོང་བར་ངེས་པར་དུ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་དགོས། ཐོན་ལས་དང་པོ་ནི་སྟར་ཀ་ཡག་པོ་འདེབས་པ་དང་འཚོང་རྒྱུ་དེ་ཡིན་པ་དང་། ཐོན་ལས་གསུམ་པ་ནི་གནའ་བོའི་སྟར་སྡོང་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
ལ་སྒང་གྲོང་ཚོའི་པ་སངས་ལ་གནའ་བོའི་སྟར་སྡོང་མཛེས་ལྗོངས་ཁུལ་དུ་འགྱུར་ན་བསམ་པའི་བསམ་བློ་འཁོར་བ་དེ་ཐོག་མར་ལིའུ་ལི་ཕིང་གིས་དྲན་གསོ་བཏང་བ་ཞིག་རེད།
ད་ཆ་ཡུལ་སྐོར་བས“ཨེ་ཤེ་ཡའི་ལོ་ངོ་སྟོང་གི་སྟར་སྡོང་རྒྱལ་པོའི”འོག་ཏུ་གླིང་ག་གཏོང་གི་ཡོད་ཅིང་། པ་སངས་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ཙམ་རག་གི་ཡོད།
ལིའུ་ལི་ཕིང་མཛེས་ལྗོངས་ཁུལ་ཆུང་ཆུང་དེའི་རིན་མེད་འོས་སྦྱོར་དཔོན་དུ་གྱུར་པ་དང་། ལས་ཀ་གལ་ཆེ་བ་མེད་ཚེ་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བར་གནའ་བོའི་སྟར་སྡོང་ངོ་སྤྲོད་བྱེད་ཀྱི་ཡོད། ཁོང་གིས་ངོ་སྤྲོད་ཡག་པོ་ཐུབ་པས་ཡུལ་སྐོར་བ་ཚོར་ད་ཐེངས་ཡུལ་སྐོར་དུ་ཡོང་རིན་བྱུང་བའི་སྣང་བ་ཞིག་སྟེར་གྱི་ཡོད།
“རྒྱ་ཚའི་གནའ་བོའི་སྟར་སྡོང་ལ་དོ་ཁུར་བྱེད་མཁན་མང་པོ་ཡོང་ངེས་ཡིན་པ་ངར་ཡིད་ཆེས་ཡོད”ཅེས་ལིའུ་ལི་ཕིང་གིས་བཤད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་རིམ་གྱིས་མཐོ་རུ་ཕྱིན་ནས་སྲོལ་རྒྱུན་གྱི་ལྟ་སྐོར་སྤྲོ་གསེང་ནས་མི་ཆོས་རིག་གནས་ཉམས་ལེན་གཏིང་ཟབ་བྱེད་པའི་ཡུལ་སྐོར་ཕྱོགས་སུ་རིམ་སྤོར་བྱེད་བཞིན་ཡོད་པ་དང་། རྒྱ་ཚ་རྫོང་གིས་ཀྱང་ཐོན་ལས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བཞིན་ཡོད།
ཕྱོགས་ཁག་གིས་མཉམ་ཤུགས་ཤིག་ཆགས་པར་བྱེད་བཞིན་ཡོད་པ་སྟེ། ན་ནིང་ཟླ་10པའི་ཟླ་མཇུག་ཏུ་དྲ་ཐོག་ཐད་གཏོང་ཐེངས་གཅིག་བྱས་པར་རྒྱ་ཚའི་གནའ་བོའི་སྟར་སྡོང་གི་སྟར་ཀ་རྒྱ་མ་ཁྲི་11ཙམ་བྲིན་པ་རེད། ད་ལོ་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་ཚོང་དོན་སྡེ་ཚན་དང་འབྲེལ་མཐུད་བྱས་ནས་ཟླ་10པར་སྟར་ཀ་སྨིན་རྗེས་ནེ་པ་ལར་ཕྱིར་ཚོང་བྱ་རྒྱུ་རེད།
2025ལོར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྣམ་གྲངས་ཀྱི་ལས་མཇུག་འགྲིལ་བ་དང་། རྫོང་གི་འགོ་ཁྲིད་ཀྱིས་མུ་མཐུད་སྡོད་རོགས་ཞེས་མངག་བྱ་བྱས་རྗེས་ཁོང་གིས་དམིགས་བསལ་ཤེས་ལྡན་པ་ནང་འདྲེན་གྱི་ཐབས་ལ་བརྟེན་ནས་རྫོང་དང་སླར་ཡང་ལོ་གསུམ་གྱི་གན་རྒྱ་བཞག་པ་རེད།
ཁོང་གིས་བཞག་འདོད་པ་ནི་གནའ་བོའི་སྟར་སྡོང་ལ་ནམ་ཡང་ཡལ་འདབ་རབ་ཏུ་རྒྱས་པ་དང་། མི་རབས་རྗེས་མ་སྔར་བཞིན་གནའ་བོའི་སྟར་སྡོང་དེ་དག་གི་བསིལ་གྲིབ་འོག་སྡོད་ཐུབ་པ་བྱེད་རྒྱུ་དེ་རེད།
འབྲེལ་ཡོད་གསར་འགྱུར།